བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཐོག་དང་སྲིད་ཟུར་རྣམ་གཉིས་ཧཱ་ལི་ཧྥེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་སུ་མཉམ་ཞུགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཁེ་ན་ཌར་ཕྱོགས་ཕེབས་ཀྱིས་དེར་བློན་ཆེན་དང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་ཐད་གླེང་མོལ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༡༩ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཁེ་ན་ཌའི་གྲོང་ཁྱེར་ཧེ་ལི་ཕེཀ་སིར་བསྐོང་ཚོགས་གནང་བའི་ཧཱ་ལི་ཧྥེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ཐོག་གསུང་བཤད་ཀྱི་ལས་རིམ་ཐོག་མཉམ་ཞུགས་གནང་སྟེ་ཕྱི་ཚེས་ ༡༩ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཕེབས་འབྱོར་བྱུང་ཞིང་། ཁེ་ན་ཌའི་སྲིད་དོན་ཚོགས་པ་ (Bloc Quebecois) ཡི་འགྲོ་ཁྲིད་དང་། གྲོས་ཚོགས་འཐུས་མི། དེ་བཞིན་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གཅིག་ལྕོགས་པ། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སོགས་རེ་རེ་ནས་མཇལ་འཕྲད་གནང་སྟེ་ཁེ་ན་ཌ་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་ཞིང་། དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཨོ་ཊ་ཝའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་འདུག ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་ཕེབས་བསུ་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་གནང་འདུག་པ་དང་། སྐབས་དེར་ཁེ་ན་ཌ་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁག་ཅིག་བཅས་མཉམ་ཞུགས་གནང་ཡོད་འདུག ཐེངས་འདིའི་མཇལ་འཕྲད་ཀྱི་སྐབས་སུ་སྲིད་སྐྱོང་སྤེན་ཚེ་རིང་གིས་གྲོས་ཚོགས་འཐུས་མི་རྣམ་པར་བོད་དོན་ཐོག་ཆབ་སྲིད་དང་དཔལ་འབྱོར་བཅས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས། འཛམ་གླིང་གི་ཆབ་སྲིད་འགྱུར་བ་སོགས་ཀྱི་སྐོར་གོ་བསྡུར་གནང་ཡོད་པ་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གཞིར་བཟུང་ནས་བོད་དོན་འཐབ་རྩོད་གནང་གི་ཡོད་པ་གསལ་སྟོན་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་མཁྱེན་པའི་ཐོག་ནས་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་འཆར་བཞག་གནང་བ་ལྟར་ཁེ་ཎ་ཌའི་གཞུང་གིས་དེ་མཚུངས་ཀྱི་ལངས་ཕྱོགས་ཞིག་འཛིན་ཐུབ་པའི་རེ་བ་དང་གླེང་མོལ་གནང་ཡོད་འདུག་པ་དང་། ཁེ་ན་ཌའི་ཕྱོགས་སུ་ལས་རིམ་རྣམས་གྲུབ་རྗེས་ཕྱི་ཚེས་༢༤ཉིན་ཨ་མི་རི་ཀའི་མི་ནི་སོ་ཊར་ཕེབས་ཐོན་གནང་རྒྱུ་ཡིན་འདུག
ཐེངས་འདིར་སྲིད་སྐྱོང་སྤེན་པ་ཚེ་རིང་དང་མཉམ་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་དང་། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ཤེས་རབ་ཐར་ཕྱིན་བཅས་མཉམ་བཅར་ཞུས་ཡོད་འདུག གཞན་ཡང་ཕྱི་ཟླ་༡༡ ཚེས་༣༠ ནས་སྲིད་སྐྱོང་སྤེན་པ་ཚེ་རིང་ཧྥ་རན་སིར་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག

གཞན་ཡང་ཕྱི་ལོ་ ༢༠༢༣ ཧཱ་ལི་ཧྥེ་ཁི་སི་ལོ་འཁོར་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐོག་སྲིད་ཟུར་བློ་བཟང་སེང་གེ་ཡང་མཉམ་ཞུགས་གནང་འདུག་ལ། ཁོང་གིས་ངོ་དེབ་ཐོག་ཏུ་གནས་ཚུལ་བཀོད་དོན། རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐོག་བཅར་རྒྱུ་བྱུང་བར་ཧ་ཅང་དགེ་མཚན་ཆེན་པོ་དང་། དེ་ནས་གོ་ལའི་བདེ་འཇགས་གནད་དོན་གྱི་བལྟ་ཚུལ་བརྒྱུད། བོད་དོན་གོ་རྟོགས་སྤེལ་སའི་སྡིངས་ཆ་གནད་ཆེན་ཞིག་ཀྱང་རེད། སྐབས་དེར་བོད་དོན་རྒྱབ་སྐྱོར་བ་གྲོགས་པོ་རྙིང་པ་དང་། ཡང་རང་དབང་དང་འཛམ་གླིང་གི་འགྱུར་ལྡོག་བཟང་ཕྱོགས་སུ་འགྲོ་བར་འབད་བརྩོན་གནང་མཁན་རྣམས་ཀྱང་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཞེས་དང་། བོད་ཀྱི་རྩ་དོན་གླེང་སློང་དང་གོ་རྟོགས་སྤེལ་བའི་འོས་འགན་གནད་ཆེན་གཅིག་ནི། རྒྱལ་སྤྱིའི་སྡིངས་ཆའི་གླེང་སྟེགས་འདྲ་མིན་ཡིན་པར་བརྟེན། ཕྱི་ལོ་ ༢༠༢༣ ཧཱ་ལི་ཧྥེ་ཁི་སི་རྒྱལ་སྤྱིའི་གླེང་སྟེགས་ཐོག  ཁོ་བོས། རྒྱལ་སྤྱིའི་འཚོ་གནས་ཀྱི་ཟས་དང་ཆུའི་དཀའ་རྙོག་དང་འབྲེལ་ནས། བོད་མཐོ་སྒང་ཇི་ལྟར་གལ་གནད་ཆེ་བའི་སྐོར་གླེང་སློང་ཞུས། ཞེས་བཀོད་གནང་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།