ཨ་རིའི་གཞུང་གི་ལས་བྱེད་ཚོས་རྒྱ་ནག་ནང་རྒྱ་མི་མཉམ་དུ་དགའ་རོགས་སོགས་ཀྱི་འབྲེལ་བ་བྱེད་མི་ཆོག་པ་བཟོས།
ཨ་རིའི་གཞུང་གིས་རྒྱ་ནག་ནང་དུ་ཡོད་པའི་གཞུང་གི་ལས་བྱེད་རྣམས་རྒྱ་ནག་མི་སེར་དང་མཉམ་དུ་དགའ་རོགས་སྒྲིག་པ་དང་། འཁྲིག་སྲེད་ཀྱི་འབྲེལ་བ་བྱེད་མི་ཆོག་པ་བཀག་སྡོམ་བྱས་འདུག

ཟླ་འདིའི་ཚེས་༥ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་དང་པོའི་ནང་། ཨ་རིའི་གཞུང་ཚབ་ཟུར་པ་(Nicholas Burns) ཡིས་ཁོང་ཉིད་ལས་གནས་མ་དོར་བའི་ཉིན་ཤས་སྔོན། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ལས་བྱེད་ཚོས་རྒྱ་མི་དང་ལྷན་དུ་དགའ་རོགས་སྒྲིག་མི་ཆོག་པའི་སྒྲིག་གཞི་ལག་བསྟར་བྱས་ཡོད་འདུག
དེ་ཡང་། རྒྱ་ནག་ནང་དུ་ཡོད་པའི་ཨ་རིའི་ལས་བྱེད་རྣམས་ཏེ། གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་དང་ཁོང་ཚོའི་ནང་མི་སོགས་ཀྱིས་རྒྱ་མི་དང་མཉམ་དུ་དགའ་རོགས་སྒྲིག་པ་དང་། འཁྲིག་སྲེད་ཀྱི་འབྲེལ་བ་བྱེད་མི་ཆོག་པ་བཀག་སྡོམ་བྱས་ཡོད་འདུག་ཅིང་། རྒྱ་ནག་ནང་དུ་ཡོད་པའི་ཨ་རིའི་ལས་བྱེད་རྣམས་ལ་སྒྲིག་གཞི་གསར་པ་དེའི་སྐོར་ངག་ཐོག་དང་གློག་འཕྲིན་བརྒྱུད་བརྡ་ལན་སྤྲད་ཡོད་འདུག
སྔོན་ནས་འབྲེལ་བ་ཡོད་མཁན་ཚོས་སྙན་ཞུ་འབུལ་ཆོག་པ་དང་། གལ་ཏེ་སྙན་ཞུ་ཁས་ལེན་མ་བྱས་ཚེ། འབྲེལ་བ་མཚམས་འཇོག་བྱེད་དགོས་པའམ། ཡང་ན། ལས་གནས་དོར་དགོས་པ། གལ་ཏེ་སྲིད་བྱུས་དེ་རྩིས་མེད་བཏང་ཚེ། རྒྱ་ནག་ནས་འཕྲལ་དུ་ཕྱིར་འཕུད་གཏོང་རྒྱུ་ཡིན་འདུག སྔོན་ཆད་ཨ་རིའི་གཞུང་ཚབ་ཁང་དང་ཚོང་དོན་ལས་ཁུངས་ཁག་གི་ནང་དུ། རྒྱ་མིའི་ལས་བྱེད་དང་ཨ་རིའི་ལས་བྱེད་དབར་གྱི་འབྲེལ་བ་ལ་དམིགས་ནས་བཀག་སྡོམ་ཅུང་ལྷོད་པ་ཞིག་བྱས་ཡོད་ན་ཡང་། ཨ་རིའི་ལས་བྱེད་གཅིག་གིས་རྒྱ་ནག་གི་མི་སེར་སུ་གཅིག་ལ་དགའ་རོགས་སྒྲིག་པ་དང་འཁྲིག་སྲེད་དང་འབྲེལ་བའི་འབྲེལ་བ་བྱེད་མི་ཆོག་པ་བཟོས་པ་བྱུང་མྱོང་མེད་པ་རེད་འདུག
སྲིད་བྱུས་དེས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧའེ། ཧྲན་ཡང་དང་ཧོང་ཀོང་། ཀོང་ཀྲོའུ་དང་ཝུ་ཧན་བཅས་སུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་ཚོང་དོན་ལས་ཁུངས་ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་གཏོགས། རྒྱ་ནག་གི་ཕྱི་ལོགས་སུ་ཡོད་པའི་ཨ་རིའི་ལས་བྱེད་ཚོ་ལ་ཤུགས་རྐྱེན་ཐེབས་ཡོད་མི་འདུག
དེ་སྔར་གྲང་དམག་གི་དུས་སྐབས་སུ། སོ་ལྟ་དང་གསང་མྱུལ་གྱིས་གནས་ཚུལ་ཕྱིར་གཏོང་གི་ཉེན་ཁ་འགོག་ཆེད། ཨ་རིས་རྒྱ་ནག་དང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ལས་བྱེད་རྣམས་ཀྱིས་ས་གནས་ཡུལ་མི་རྣམས་དང་སྒེར་གྱི་འབྲེལ་བ་འཛུགས་རྒྱུ་ལ་བཀག་སྡོམ་བྱས་འདུག
གནས་ཚུལ་དཔྱད་བརྗོད་པ་རྣམས་ཀྱིས། རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་གིས་ཡུན་རིང་ནས་ཐབས་ལམ་སྣ་ཚོགས་བརྒྱུད་ཕྱི་རྒྱལ་གྱི་དཔོན་རིགས་དང་གནད་ཡོད་མི་སྣ་རྣམས་འགུག་ཐབས་བྱེད་ཀྱི་ཡོད་པ་དང་། ཨ་རིའི་ལས་བྱེད་ཚོས་རྒྱ་ནག་ནང་ལས་ཀ་བྱེད་སྐབས། ཉེན་ཁ་ཡོད་པའི་གནས་སྟངས་ངོས་འཛིན་བྱེད་པ་དང་། གསང་བའི་གནས་ཚུལ་སྲུང་སྐྱོབ་བྱེད་ཆེ། ཨ་རིའི་ལས་བྱེད་རྣམས་རྒྱ་ནག་ལ་མ་བཏང་གོང་། དེ་འདྲའི་ཐབས་བྱུས་ལ་ཡིད་གཟབ་བྱེད་དགོས་པའི་ཉེན་བརྡ་ཡང་ཡང་གཏོང་གི་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།