ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་ཀྱིས་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་མཚམས་འཇོག་དང་ཐའེ་ཝན་གྱི་འབྲེལ་བ་བསྐྱར་གསོ་དགོས་པའི་གྲོས་ཆོད་བཏོན།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་ཀྱིས་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པ་དང་། ཐའེ་ཝན་དང་མཉམ་དུ་གཞུང་འབྲེལ་འབྲེལ་ལམ་བསྐྱར་གསོ་བྱེད་དགོས་པའི་གྲོས་ཆོད། གྲོས་ཚོགས་ཀྱི་འཐུས་མི་༢༢ ཀྱི་རྒྱབ་སྐྱོར་ཡོད་པ་ཞིག་གྲོས་ཚོགས་སུ་བསྐྱར་འདོན་གནང་ཡོད་འདུག

ཕྱི་ཟླ་༢ པའི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༦ ཉིན། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་(Tom Tiffany) དང་ (Scott Perry) གཉིས་ཀྱིས་ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་མཚམས་འཇོག་དང་། ཐའེ་ཝན་དང་མཉམ་དུ་གཞུང་འབྲེལ་འབྲེལ་ལམ་བསྐྱར་གསོ་བྱེད་དགོས་པའི་གྲོས་ཆོད། ཨ་རིའི་གྲོས་ཚོགས་འཐུས་མི་༢༢ ཀྱི་རྒྱབ་སྐྱོར་ཡོད་པ་ཞིག་གྲོས་ཚོགས་སུ་བསྐྱར་འདོན་གནང་ཡོད་འདུག གྲོས་ཆོད་དེའི་ནང་ཕྱོགས་གཉིས་བར་རང་དབང་ཚོང་དོན་གྲོས་མཐུན་(Free trade agreement) ཐོག་གྲོས་མོལ་བྱེད་དགོས་པ་ཡང་བཀོད་ཡོད་འདུག གྲོས་ཚོགས་འཐུས་མི་གཉིས་ཀྱིས་གྲོས་ཆོད་དེ་ཐེངས་དང་པོ་ཕྱི་ལོ་༢༠༢༡ ལོར་གྲོས་ཚོགས་སུ་བཏོན་ཡོད་འདུག
གྲོས་ཆོད་ནང་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཊོམ་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པའི་སྲིད་བྱུས་རྙིང་པ་དེ་མཚམས་འཇོག་བྱས་ནས། ཐའེ་ཝན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མེད་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་གནས་སྟངས་ལ་ངོས་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཊོམ་གྱིས་ཐའེ་ཝན་གྱི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་རྒྱལ་ཡོངས་སྲིད་གཞུང་(National Government) གི་ཁྲིམས་མཐུན་རང་བཞིན་ངོས་འཛིན་བྱེད་དགོས་པ་དང་། ཐའེ་ཝན་དུ་ཨ་རིའི་གཞུང་འབྲེལ་གྱི་དོན་གཅོད་བསྐོ་བཞག་དང་། ཨ་རིར་ཐའེ་ཝན་གྱི་གཞུང་ཚབ་ཅིག་བསྐོ་བཞག་དགོས་པར་བཀོད་འདུག
དེ་བཞིན། གྲོས་ཆོད་ནང་། ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་དཔོན་རིགས་གཞན་རྣམས་ཀྱིས་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རིའི་ཚོགས་མི་ཡིན་པའི་རྒྱལ་སྤྱིའི་ཚོགས་པའམ། སྒྲིག་འཛུགས་གཞན་ནང་ཚོགས་ཞུགས་ཆོག་པའི་རྒྱབ་སྐྱོར་བྱེད་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག
གཞན་ཡང་། གྲོས་ཆོད་ནང་། ཨ་རི་དང་ཐའེ་ཝན་དབར་རྒྱུན་ལྡན་གྱི་གཞུང་འབྲེལ་འབྲེལ་ལམ་བྱུང་ཡོད་ཀྱང་། སྲིད་འཛིན་ཟུར་པ་ཁར་ཊར་(Jimmy Carter) གྱིས་ཕྱི་ལོ་༡༩༧༩ ལོར་གྲོས་ཚོགས་ཀྱི་བཀའ་འཁྲོལ་མེད་པར་གློ་བུར་དུ་མཚམས་འཇོག་བྱས་པ་དང་། རྗེས་སུ་སྲིད་འཛིན་ཟུར་པ་རེ་ནེ་(Reagan) ཡིས་ཐའེ་ཝན་དང་འབྲེལ་ལམ་ཤུགས་ཆེ་རུ་བཏང་ཡོད་ན་ཡང་། ཨ་རིས་ཐའེ་ཝན་གྱི་རང་བཙན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་བ་བཏང་མེད་ཅེས་དང་། ཨ་རིའི་སྲིད་འཛིན་Clinton གྱིས་དེ་སྔ་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་དཀའ་རྙོག་དེ་ཞི་བ་དང་། ཐའེ་ཝན་མི་མང་གི་མོས་མཐུན་ཡོད་པའི་ཐོག་ནས་སེལ་དགོས་སྐོར་གསུངས་པ་དེ་ལུང་འདྲེན་བྱས་ནས་བཀོད་ཡོད་འདུག
གྲོས་ཆོད་འདོན་མཁན་གྲོས་ཚོགས་འཐུས་མི་གཉིས་ཀྱིས་དེ་སྔ་ནས་ཐའེ་ཝན་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་མྱོང་ཡོད་པ་མ་ཟད། ཕྱི་ལོ་༢༠༢༡ ལོར་ཁོང་གཉིས་ཀྱིས་ཨ་རིས་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ལ་འཛུལ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་འདུག
ཨ་རིའི་གཞུང་གིས་ཕྱི་ལོ་༡༩༧༩ ལོར་རྒྱ་ནག་ལ་གཞུང་འབྲེལ་ངོས་འཛིན་བྱས་ནས་བཟུང་། ཐའེ་ཝན་དང་གཞུང་འབྲེལ་མིན་པའི་འབྲེལ་ལམ་ཁོ་ན་རྒྱུན་འཁྱོངས་གནང་། གྲོས་ཆོད་ལྟར་ན། རྒྱ་ནག་གཅིག་གི་སྲིད་བྱུས་ནི་སྲིད་བྱུས་རྙིང་པ་ཞིག་ཡིན་པ་དང་། ཐའེ་ཝན་དང་ཨ་རིའི་མི་མང་ལ་ཕན་ཐོགས་ཀྱི་མེད་པ། འདས་པའི་ལོ་ངོ་༧༠ ལྷག་གི་རིང་། ཐའེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་གནས་སྟངས་མཚོན་ཐུབ་ཀྱི་མེད་པ་བཅས་འཁོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།