ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་འདོན་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་༢༠༢༤ ལོའི་འགྲོ་བ་མིའི་གནས་སྟངས་ཀྱི་སྙན་ཐོ་ཞིག་བཏོན་པའི་ནང་། བོད་ནང་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་བྱེད་པ་དང་། ཆོས་དད་རང་དབང་ལ་དམ་དྲག། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བཅས། བོད་མིའི་རང་དབང་བརྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྗོད་འདུག

ཕྱི་ལོ་༢༠༢༥ ཟླ་༨ ཚེས་༡༣ ཉིན་ཐོན་པའི་སྙན་ཐོའི་ནང་། ལོ་ཤས་སྔོན་གྱི་གནས་སྟངས་དང་བསྡུར་ན་ད་ལྟའི་ཆར་གལ་ཆེན་གྱི་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། བློ་གཏད་རུང་བའི་ཞིབ་འཇུག་ཁག་གི་ནང་མནར་གཅོད་དང་། སྟངས་འཛིན། དེ་བཞིན་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འདུ་འཛོམས་རང་དབང་བཅས་ལ་གནོན་ཤུགས་དྲག་པོ་གཏོང་བ་བཅས་འཁོད་འདུག
སྙན་ཐོའི་ནང་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་མནར་གཅོད་དེའི་རིགས་ཀྱི་ཐོག་ཁྲིམས་མཐུན་གྱི་འགན་འཁྲི་ཡོད་པའི་ཞིབ་འཇུག་གང་ཡང་བྱས་མེད་པར་བརྗོད་འདུག
སྨྲ་བརྗོད་རང་དབང་ལ་གནོན་ཤུགས།
སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བོད་ནང་དུ་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་བྱེད་པ་དང་། ལྷག་པར་དུ་བོད་མིའི་རིག་གཞུང་དང་ཆོས་ལུགས་ཀྱི་ངོ་བོ་མཚོན་པའི་རྣམ་འགྱུར་ལ་དམ་དྲག་ཤུགས་ཆེ་བཏང་ཡོད་པ་གསལ་སྟོན་གནང་ཞིང་། རྒྱ་ནག་གཞུང་གི་མི་རིགས་བཙན་བསྒྱུར་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་དང་། ལྷག་པར་དུ་༸གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ། དེ་བཞིན་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་བོད་མི་རྣམས་ལ་སུན་གཙེར་དང་། དམ་དྲག བཀག་ཉར་སོགས་ཀྱི་ཉེན་ཁ་ཕོག་གི་ཡོད་པར་འཁོད།
དཔེར་ན་ལོ་ན་༢༦ སོན་པའི་བོད་པའི་གྲྭ་པ་ཞིག་གིས་སྐད་འཕྲིན་(wechat) གྱི་བརྒྱུད་ལམ་ཐོག་རྫོང་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པར་བརྟེན། ཁོང་ལ་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་བྱས་པ་མ་ཟད། ཁོང་གི་དགོན་པའི་གྲྭ་པ་༡༠༠ ཙམ་ལ་ཉིན་བཅུའི་རིང་ཆབ་སྲིད་ཀྱི་སློབ་སྦྱོང་བྱེད་དགོས་བྱུང་ཡོད་འདུག
དེ་བཞིན་རྒྱ་ནག་གི་དབང་འཛིན་པས་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ལའང་བཀག་སྡོམ་བྱས་ཏེ། གསར་འགོད་པ་རྣམས་ལ་དམིགས་བསལ་ཆོག་མཆན་གི་ཡིག་ཆ་དགོས་གལ་ཡིན་པ་དང་། ཡིག་ཆ་དེ་དག་མཁོ་སྤྲོད་བྱ་རྒྱུ་ཤིན་ཏུ་ཁག་པོ་ཡིན་པ་དང་། གལ་ཏེ་ཆོག་མཆན་ཐོབ་ནའང་ཁོང་ཚོར་སྟངས་འཛིན་དང་འཇིགས་སྐུལ་བྱེད་ཀྱི་ཡོད་པ། བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ལས་རིགས་རྣམས་ཆབ་སྲིད་ཀྱི་ཕྱོགས་སུ་འགྲོ་བ་ཞིག་ངོས་འཛིན་བྱས་ཚེ་བཙོན་འཇུག་དང་། ལས་མེད་ལྷག་པ། གཞུང་གི་ཁེ་ཕན་ཆད་པའི་ཉེན་ཁ་ཡོད་འདུག
བོད་ཀྱི་ཆབ་སྲིད་ལས་འགུལ་བ་དང་ཆོས་པ་རྣམས་ལ་དམིགས་བསལ་གནོན་ཤུགས།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་མཚོ་སྔོན་ཚེ་རིང་ལགས་ཀྱིས་རྒྱ་ནག་གི་བཟོ་སྐྲུན་ཚོགས་པ་ཞིག་གིས་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་པར་ཉེས་འཛུགས་བྱས་པས། ཁོང་ལ་ཟླ་བ་བརྒྱད་རིང་བཙོན་འཇུག་བྱས་ཤིང་། དེ་བཞིན་སྙན་ཐོ་དེའི་ནང་བོད་པའི་གྲྭ་པ་བློ་གསལ་ལགས་རྒྱ་ནག་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་། དུས་ཐོག་སྨན་བཅོས་མེད་པའི་རྐྱེན་གྱིས་བཙོན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་གསལ་འདུག
རྒྱ་ནག་དབང་འཛིན་པས་༸གོང་ས་མཆོག་གི་སྐུ་པར་བདག་ཉར་ལ་བཀག་སྡོམ་བྱེད་པ་དང་། དྲྭ་ཐོག་ཆོས་ལུགས་དང་འབྲེལ་བའི་བསམ་ཚུལ་གླེང་སློང་དང་། སྨོན་ལམ་བསྐོང་ཚོགས་བཅས་ལ་ཚད་འཛིན། འགྲིམ་འགྲུལ་བའི་ཐོག་ལའང་བྱ་རའི་ལས་འགུལ་སྤེལ་ཏེ་༸གོང་ས་མཆོག་གི་སྐུ་པར་ཉར་བ་དང་། ཆོས་ཕྱོགས་ཀྱི་བླ་ཆེན་སྐོར་གླེང་སློང་བྱེད་པ་ལ་འདྲི་རྩད་གཏོང་གི་ཡོད་པ་རེད།
ཞིབ་འཇུག་དང་གནས་ཚུལ་སྟངས་འཛིན།
སྙན་ཐོའི་ནང་དུ་རྒྱ་ནག་དབང་འཛིན་པས་བོད་ནང་གི་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཤུགས་ཆེན་མུ་མཐུད་བྱས་ཤིང་། གསར་འགྱུར་བརྒྱུད་ལམ་དང་། ཤེས་ཡོན། རིག་གཞུང་བཅས་ལ་ཚད་འཛིན་བྱས་པའི་གནས་ཚུལ་འཁོད་ཡོད། དེ་ཡང་རྒྱ་ནག་གཞུང་གིས་སློབ་གྲྭའི་བསླབ་གཞི་དང་། སློབ་དེབ། གཞན་ཡང་ལོ་རྒྱུས་སམ་ཆབ་སྲིད་དང་འབྲེལ་བའི་སློབ་དེབ་ཡོངས་རྫོགས་སྟངས་འཛིན་བྱེད་ཀྱི་ཡོད་པ་གསལ་འདུག
ཕྱི་ཟླ་༧ པའི་ནང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་ལྟར་ན། རྒྱ་ནག་གིས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་འགྲིམ་འགྲུལ་བ་རྣམས་ལ་༸གོང་ས་མཆོག་གི་སྐུ་པར་ཡོད་མེད་འཚོལ་ཞིབ་བྱས་པ་དང་། ༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོར་བོད་ནས་ཕྱི་ལ་འབྲེལ་བ་བཀག་སྡོམ་བྱས་ཡོད་པདང་། བོད་རང་སྐྱོང་ལྗོངས་ཀྱི་དྲྭ་རྒྱ་དང་དྲིལ་བསྒྲགས་ལས་ཁུངས་ཀྱིས་སྤྱི་ཚོགས་དྲྭ་ལམ་ལ་ལྟ་ཞིབ་དམ་དྲག་བྱས་ཏེ། དབང་འཛིན་པས་བོད་ས་ཁུལ་ནང་གི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གཉིས་ཀྱི་རླུང་འཕྲིན་ཞབས་ཞུ་ལ་བར་ཆད་བཟོས་ཡོད་པར་བཀོད་འདུག
ཕྱི་ལོ་༢༠༢༣ ལོར། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེར་བཏང་སྟེ་བོད་པའི་གྲྭ་པ་དང་། རྩོམ་པ་པོ་རྣམས་ལ་དྲྭ་ཐོག་ཏུ་ནང་ཆོས་སྤེལ་མི་ཆོག་པའི་སྒྲིག་གཞི་ཞིག་ལག་བསྟར་བྱས་པ་དང་སྦྲགས། དྲྭ་ཐོག་ཏུ་ཆོས་ཕྱོགས་ཀྱི་བྱ་བ་དང་། ཁྱབ་སྤེལ་བཅས་མཚམས་འཇོག་བྱས་ཤིང་། གྲྭ་ཆས་གྱོན་པའི་བོད་མི་རྣམས་ལ་གནམ་ཐང་དང་། འགག་སྒོ། འགྲིམ་འགྲུལ་གྱི་ས་གནས་གཞན་ཁག་ཏུ་ལྟ་ཞིབ་ཇེ་དམ་དུ་སོང་བར་བརྗོད།
བཙན་ཁྲིད་དང་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག
སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགལ་ཏེ་བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་ཕྱིན་པ་དང་། ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་མུ་མཐུད་བྱེད་བཞིན་པའི་གནས་ཚུལ་འཁོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། འདས་པའི་ལོ་བཞིའི་རིང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་༦༣ ཐོན་ཡོད་པའི་སྙན་ཞུ་ཕུལ་ཡོད་པ་དང་། གཞུང་ལ་འཇིགས་སྣང་རྐྱེན་པས་གྲངས་ཐོ་ཆ་ཚང་མེད་པ་དང་དངོས་ཡོད་ཀྱི་གྲངས་དེ་ལས་མང་བ་ཡིན་པའི་ཉེན་བརྡ་སྤྲད་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་༤ མདོ་སྨད་ཀིརྟི་དགོན་པའི་གྲྭ་པདྨ་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ཁྱེར་ནས་ངོ་རྒོལ་བྱས་རྗེས་བཙན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གི་དབང་འཛིན་པས་ཁོང་བཙོན་འཇུག་བྱས་པ་ཁས་མ་བླངས་ཤིང་ཁོང་གི་གནས་ཡུལ་ཡང་ར་སྤྲོད་བྱས་མེད་པའི་སྐོར་དང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ པའི་ནང་ཀིརྟི་དགོན་པའི་གྲྭ་པ་གཉིས་ཚུད་པའི་བོད་མི་བཞི་དོན་མེད་བཙོན་འཇུག་བྱས་ཤིང་ཁོ་ཚོའི་གནས་སྟངས་གང་ཡང་གསལ་མེད་པར་བཀོད།
རྒྱ་ནག་གིས་ཕྱི་ལོ་༡༩༩༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཙན་ཁྲིད་བྱས་ནས་ལོ་ ༣༠ རིང་སྦས་གསང་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་ཆེད་ལས་པ་དང་། མཁས་པ་གཞན་གྱིས་ཕྱི་ལོ་༢༠༡༣ ནས་ ༢༠༡༨ བར་འཛིན་བཟུང་བྱས་པའི་བོད་ཀྱི་ཁོར་ཡུག་སྲུབ་སྐྱོབ་ལས་འགུལ་བ་དགུ་དང་། དེའི་ནང་ནས་ཨ་ཉ་སེང་སྒྲ་ལགས་དང་། རྡོ་རྗེ་ལགས་གཉིས་ཁྲིམས་ཐག་བཅད་པ་དང་། ཁྲིམས་རྩོད་པ་དང་སྨན་བཅོས་ཀྱི་ཐོབ་ཐང་བཅས་ཀྱི་མཐུན་རྐྱེན་མ་སྦྱར་བར་སེམས་འཚབ་བསྟན་ཡོད།
བོད་མི་རྣམས་ལ་མི་སྤྱོད་ལས་འདས་པའི་དྲག་གནོན།
དྲག་གནོན་དེ་དག་ལ་དགག་བྱའི་ཁྲིམས་ཡོད་ཀྱང་རྒྱ་ནག་དབང་འཛིན་པས་བོད་ཀྱི་བཙོན་པ་རྣམས་ལ་མནར་གཅོད་དང་། ཐུབ་རྩོད། ངལ་རྩོལ་བཙན་ཤེད་བཅས་མུ་མཐུད་དུ་བྱས། སྙན་ཐོའི་ནང་དུ་ཡུན་རིང་ཟུར་བཀག་དང་། ཟས་དང་གཉིད་མེད་པ། ཉི་འོད་མེད་པ། སེམས་ཁམས་ཀྱི་གནོད་འཚེ། བཙན་ཤེད་ཀྱི་སློབ་གསོ་བཅས་ཀྱི་གནས་ཚུལ་གསལ།
ཕྱི་ཟླ་ ༡༡ ནང་བོད་ཀྱི་དུས་བབ་ནས་སེ་ར་ཐེག་ཆེན་གླིང་དགོན་པའི་གྲྭ་བློ་གསལ་ལ་རྡུང་རྡེག་དྲག་པོ་བྱས་ཤིང་སྨན་བཅོས་མ་སྤྲད་པའི་རྐྱེན་གྱིས་བཙོན་ཁང་ནང་དུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་བཀོད་ཡོད་པ་དང་།
བོད་ཀྱི་བཙོན་ཟུར་ཕལ་ཆེ་བས་བཙོན་ཁང་ནས་གྲོད་བཀྲོལ་རྗེས་གཏན་འཇགས་རྨས་སྐྱོན་དང་འཕྲོད་བསྟེན་ལ་གནོད་སྐྱོན་ཕོག་པ་འགྲེལ་བརྗོད་གནང་ཞིང་། རྒྱ་གཞུང་གིས་ཁྲིམས་འགལ་གྱིས་མི་གསོད་པ་དང་། སྔོན་གྱི་མནར་གཅོད་ལ་འགན་འཁྲི་མེད་ཅིང་ཁྲིམས་ལས་འདས་པའི་གནས་ཚུལ་མུ་མཐུད་གནས་ཡོད་པར་འཁོད་འདུག
རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན།
སྙན་ཐོར་གཞིགས་ན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་བཞུགས་པའི་བོད་མི་རྣམས་དང་། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ ༡༥༠,༠༠༠ ཙམ་ལ་དམིགས་ནས་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲད་ཡོད་པ་དང་།
དེ་བཞིན་ཕྱི་རྒྱལ་དུ་གནས་པའི་བོད་མི་རྣམས་ལ་སུན་གཙེར་དང་། སྟངས་འཛིན། བཙན་སྐུལ་གྱི་ངོ་བོ་ཅན་གྱི་སྤྱོད་སྟངས་རིགས། དེའི་ནང་བོད་པའི་སྒྲིག་འཛུགས་ཁག་ལ་དྲྭ་རྒོལ་དང་། རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་སུ་བཙན་ཐབས་ཀྱིས་ནང་མིའི་གནས་སྟངས་ཁ་གསལ་དགོས་པ། ཕྱི་རྒྱལ་དུ་ལས་འགུལ་མ་སྤེལ་བའི་ཆེད་དུ་བོད་ནང་གི་ཕ་མར་འཇིགས་སྐུལ་བྱེད་པ་བཅས་གསལ་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༢ ལོའི་དབུས་ནས་ ༢༠༢༣ ལོའི་མཇུག་བར་འདི་ལྟ་བུའི་ཐབས་བྱུས་འཕེལ་རྒྱས་འགྲོ་བ། དེའི་ནང་ནང་མིའི་འབྲེལ་ལམ་གཅོད་པ། ཕྱི་རྒྱལ་བོད་མིའི་ཚོགས་སྡེའི་དྲྭ་རྒྱར་སིམ་འཛུལ་བྱས་པ། ལོག་འགྲེལ་རྒྱག་པ་བཅས་སྙན་ཞུ་ཕུལ་ཡོད།
རྒྱ་ནག་དབང་འཛིན་པས་བོད་མི་རྣམས་ཀྱི་འགྲིམ་འགྲུལ་ཐོག་ལ་དཀའ་ངལ་སྤྲད་ནས་ཕྱི་སྐྱོད་ལག་འཁྱེར་མ་སྤྲད་པ་དང་། ཚད་ལྡན་ཡོད་རིགས་གཞུང་བཞེས་བཏང་བ། དེ་བཞིན་ཕྱི་རྒྱལ་དུ་སོང་ནས་གླེང་སློང་བྱས་ཚེ་ནང་མི་ལ་ཉེན་བརྡ་གཏོང་གི་ཡོད་འདུག
ངལ་རྩོལ་བཙན་ཤེད་དང་དཔལ་འབྱོར་གྱི་བཀོལ་སྤྱོད།
སྙན་ཐོའི་ནང་དུ་རྒྱ་ནག་གིས་དབུལ་ཕོངས་སེལ་བའི་ལས་འགུལ་ཁྲོད་འདོང་ས་ཁུལ་གྱི་བོད་མི་རྣམས་ལས་རིགས་འཆར་གཞིའི་ནང་སྤོ་བའི་ངལ་རྩོལ་འཆར་གཞི་ལ་དོ་སྣང་གཏོང་དགོས་པའི་གནས་ཚུལ་བཀོད་ཅིང་། ཟླ་ ༧ པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བཏོན་པའི་ཞིབ་འཇུག་ཅིག་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངལ་རྩོལ་བཙན་ཤེད་ཀྱི་ཉེན་ཁ་ཡོད་པ་དང་། འདི་རྒྱལ་སྤྱིས་དོ་སྣང་དགོས་པ་ཞིག་ཡིན་པར་བརྗོད་འདུག།
ཕྱི་ལོ་ ༢༠༢༤ ལོའི་སྙན་ཐོའི་ནང་ཁྲིམས་མཐུན་མ་ཡིན་པའི་མི་གསོད་པ་དང་། འགན་འཁྲི་མེད་པའི་གནས་ཚུལ་ད་དུང་གནས་བཞིན་པ་གསལ་ཞིང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མཐར་ཐུག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ད་དུང་ཛ་དྲག་པོ་ཡིན་ཞིང་། ཡར་རྒྱས་ཀྱི་རྣམ་པ་ཅུང་ཟད་ཙམ་ཡང་མེད་པ་བཀོད་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་སྤེལ་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།