ཨ་རིའི་རྒྱལ་སའི་ཁུལ་གྱི་གཟའ་མཇུག་བོད་ཡིག་སློབ་གྲྭ་དང་ཇོན་སི་ཨོབ་ཀིང་སི་གཙུག་ལག་སློབ་གྲྭ་གཉིས་ཐུན་མོང་ཐོག་གོ་སྟོན་སྲུང་བརྩི་ཞུས།

ཕྱི་ཟླ་༦ པའི་ཚེས་༡ ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭ་དང་། Johns Hopkins ཇོན་སི་ཨོབ་ཀིང་སི་གཙུག་ལག་སློབ་གྲྭ་གཉིས་ཐུན་མོང་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་ཞུས་འདུག་པ་དང་། 

སྐབས་དེར་སྐུ་མགྲོན་དུ་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ། ཤར་སྤྲུལ་དམ་ཆོས་རིན་པོ་ཆེ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་སྒྲོལ་མ། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་ཟུར་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ངོ་དངོས་གྲུབ་ཚེ་རིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་། རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ལྷུན་གྲུབ་དང་། གཞན་ཡང་Johns Hopkinsཇོན་ཨོབ་ཀིང་སིའི་གཙུག་ལག་སློབ་གྲའི་སྐུ་མགྲོན་རྣམ་པ་གཙོས་མི་མང་༢༥༠་ཡས་མས་མཉམ་ཞུགས་གནང་ཡོད་འདུག 

མཛད་སྒོའི་ཐོག་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ཚན། དང་པོ་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་སྤྱོད་བཟང་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་མི་སྒེར་དང་ཁྱིམ་ཚང་སྤྱི་ཚོགས་བཅས་ཁྱོན་ཡོངས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན། ཞེས་གསུངས་པ་དང་འབྲེལ་ཏེ། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐྱེ་འགྲོ་ཡོངས་ལ་ཁྱབ་པའི་བྱམས་བརྩེ་དང་བླ་ན་མེད་པའི་ཐུགས་བཞེས་མཛད་འཕྲིན་བཅས་ཀྱི་བཀའ་དྲིན་སྙིང་བཅང་གིས། འདི་ལྟར་འཛོམས་ཏེ་དགའ་སྤྲོའི་ངང་ནས་མགོན་པོ་གང་ཉིད་དགུང་ལོ་༩༠ ལ་སོན་པའི་གོ་སྟོན་སྲུང་བརྩི་ཞུ་རྒྱུ་བྱུང་བར་སྐལ་བ་བཟང་པོ་དང་ང་ཚོ་སྤྱི་པའི་བསོད་ནམས་ཡིན་པ་དང་།   ང་ཚོས་དུས་ནས་དུས་སུ་ཁོང་གི་བཀའ་སློབ་ལམ་སྟོན་བཅས་ལ་སློབ་སྦྱོང་བྱས་ནས་ལག་ལེན་བྱེད་རྒྱུ་དེ་བདེ་སྐྱིད་ཀྱི་ལམ་བུ་ཡིན་པ་སོགས་མཛད་སྒོ་དབུ་འཛུགས་ཀྱི་གཏམ་བཤད་གནང་རྗེས། གོ་སྟོན་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་དོན་བཞིན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་ཆེད་ལྗགས་རྩོམ་གནང་བའི་སྙན་ཚིག་དེ་རྒན་སྒྲོལ་དཀར་དང་། དཔལ་ལྡན་རྒྱལ། རྡོ་རྗེ་དགྲ་འདུལ་གསུམ་གྱིས་མདོ་དབུས་ཁམས་གསུམ་ཀྱི་སྐད་ཐོག་ནས་གྱེར་འདོན་གནང་ཡོད་འདུག་པ་དང་།

གཞན་ཡང་སྐུ་མགྲོན་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་དབུ་བཞུགས་ཀྱིས་བགྲོ་གླེང་དང་། དེ་མིན་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སོགས་སྐུ་མགྲོན་གཞན་རྣམས་ཀྱིས་ཀྱང་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་འདུག་ལ།  ཕྲུ་གུ་ཚོས་ཀྱང་བྱམས་བརྩེའི་སྐོར་གྱི་བགྲོ་གླེང་གནང་བ་དང་། བྱམས་བརྩེའི་བརྗོད་བྱ་བྱས་པའི་སྙན་ཚིག་གྱེར་འདོན་དང་། ༧གོང་ས་མཆོག་ལ་བསྟོད་པའི་མཉམ་གཞས་གཏོང་བ་དང་བྲོ་འཁྲབ་པ་སོགས་བྱས་འདུག 

དེའི་སྔོན་དུ་ཕྲུ་གུ་ཚོས་རྩོམ་དང་རི་མོ་སོགས་ཀྱི་འགྲན་བསྡུར་མང་པོ་ཞིག་བྱས་འདུག་པ་བཞིན། གོ་སྟོན་སྲུང་བརྩི་དང་བསྟུན་ཏེ་སྐུ་མགྲོན་རྣམ་པའི་ཕྱག་ནས་ཕྲུ་གུ་ཚོས་བྱ་དགའ་དང་ལག་ཁྱེར་སྤྲད་ཡོད་འདུག

གོང་གསལ་པར་རིས་དང་གནས་ཚུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཌོག་ཊོར་དཀོན་མཆོག་རྡོ་རྗེ་ནས་མཁོ་སྤྲོད་གནང་།

གསར་འགོད་པ། བསྟན་འཛིན་ལམ་བཟང་།