ཨ་རིའི་སྲིད་འཛིན་གྱིས་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་སུ་འཛུལ་རྒྱུར་སྔ་དྲགས་རེད་ལབ་འདུག

ཟླ་འདིའི་ཚེས་༡༡ ཉིན་རྒྱ་གར་གྱི་(Firstpost) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིའི་ནང་ཡུག་རེན་གྱི་ཐོག་ཏུ་ལངས་ཕྱོགས་འཛིན་སྟངས་མི་འདྲ་བ་ཡོད་པར་བརྟེན། ད་ལྟའི་ཆར་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཆགས་རྒྱུ་ཁག་པོ་ཡིན་པ་དང་། སི་ཝི་ཌན་རྒྱལ་ཁབ་དེ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་གསར་པ་ཆགས་སྲིད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༡ ནས་ཉིན་གྲངས་གཉིས་ཀྱི་རིང་། ཡུ་རོབ་རྒྱལ་ཁབ་ལི་ཐུ་ནི་ཡ་(Lithuania) ་ནང་བྱང་ཆིངས་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་འདུ་དེ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་ཨ་རིའི་སྲིད་འཛིན་གཙོས་པའི་ཚོགས་མི་རྒྱལ་ཁབ་༣༡ ཡི་སྐུ་ཚབ་རྣམས་མཉམ་ཞུགས་བྱས་ཡོད་འདུག

ཉིན་གཉིས་རིང་གི་ཚོགས་ཐོག་ཏུ་གླེང་གཞི་གཙོ་བོ་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་བདེ་སྲུང་གི་ཐོག་ལ་འགྲོ་སོང་གཏོང་ཕྱོགས་དང་། ཡུག་རེན་གྱི་དམག་འཁྲུག དེ་བཞིན་སི་ཝི་ཌན་རྒྱལ་ཁབ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་གསར་པར་ཁས་ལེན་བྱེད་རྒྱུ་ཡིན་མིན་བཅས་ཆགས་ཡོད་འདུག

བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་ཚང་མས་ཉིན་ཞིག་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་འགྱུར་རྒྱུ་ལ་ཁས་ལེན་བྱས་ཡོད་ཀྱང་། དུས་ནམ་ཞིག་ལ་ཚོགས་མིར་ཁས་ལེན་བྱེད་རྒྱུ་ཐག་གཅོད་བྱུང་མི་འདུག ཡུག་རེན་སྲིད་འཛིན་གྱིས་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་རྒྱུ་ལ་གྲ་སྒྲིག་ཡོད་རུང་། དམག་འཁྲུག་ལངས་བཞིན་པའི་དུས་སྐབས་སུ་ཚོགས་པའི་ནང་ཞུགས་རྒྱུ་ཁག་པོ་ཡིན་པ་ལ་བསམ་གཞིག་ཐུབ་ཀྱི་འདུག་ཀྱང་། ཁོང་གི་རྒྱལ་ཁབ་ལ་མ་མཐར་བདེ་འཇགས་ཀྱི་འགན་ལེན་བྱེད་དགོས་ཀྱི་ཡོད་ཅེས་བརྗོད་འདུག

བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཏུར་ཀི་(Turkey) ་སོགས་ཀྱིས་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་རྒྱུ་ལ་ཁས་ལེན་བྱས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ད་ལྟའི་ཆར་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་རྒྱུ་ལ་སྔ་དྲགས་རེད་ཅེས་བརྗོད་ཡོད་པ་མ་ཟད། འཇར་མི་ནིའི་སྲིད་བློན་ཨོ་ལ་ཧྥི་ཤོལ་ཛི་(Olaf Scholz) ་ཡིས་ཀྱང་དམག་འཁྲུག་ནང་ཡོད་པའི་རྒྱལ་ཁབ་སུ་ཡང་བྱང་ཆིངས་སྒྲིག་འཛུགས་ཀྱི་ནང་དུ་ཞུགས་མི་ཆོག་ཅེས་བརྗོད་ཡོད་པར་བརྟེན། ཚོགས་ཐོག་ཏུ་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ཀྱི་ནང་ཞུགས་པ་ལ་ཨ་རི་དང་འཇར་མན་གྱིས་འགོག་སྲིད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༢ ལོ་ཨུ་རུ་སུས་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་ཡུག་རེན་ལ་བཙན་འཛུལ་བྱས་པར་བརྟེན། ཧྥིན་ལན་ཌ་དང་སི་ཝི་ཌན་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་གཏན་ལྷིང་ལ་ཉེན་ཁ་འཕྲད་ཡོང་བསམ་པའི་ཞེད་སྣང་འོག ལོ་སྔོན་མའི་ཕྱི་ཟླ་༥ པའི་ནང་རྒྱལ་ཁབ་དེ་གཉིས་ཀྱིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ནང་དུ་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད།

ལོ་འདིའི་ཟླ་༤ ཚེས་༤ ཉིན་ཧྥིན་ལན་ཌི་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་གསར་ཤོས་སམ་སུམ་ཅུ་སོ་གཅིག་པ་དེ་ཆགས་ཡོད་ཀྱང་། ཏུར་ཀི་དང་ཧང་གྷ་རི་རྒྱལ་ཁབ་གཉིས་ཀྱིས་རྒྱབ་སྐྱོར་མ་བྱས་པར་བརྟེན། སི་ཝི་ཌན་ད་དུང་ཡང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རུ་ཆགས་ཐུབ་མེད། ལོ་འདིའི་ཕྱི་ཟླ་༦ པའི་ནང་སི་ཝི་ཌན་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་ཆེད་ཏུར་ཀིའི་མངོན་འདོད་ལ་རྒྱབ་སྐྱོར་བྱས་ཡོད་པར་བརྟེན། ཐེངས་འདིའི་ཚོགས་ཐོག་ཏུ་སི་ཝེ་ཌན་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་ལ་འགྱུར་སྲིད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།