ཨ་རིའི་སྲིད་འཛིན་གྱིས་རྒྱ་གར་སྲིད་བློན་ལ་འཚམས་གཟིགས་ཕེབས་རྒྱུའི་མགྲོན་འབོད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་རྒྱ་གར་གྱི་སྲིད་བློན་མོ་ཌི་གཉིས་ཁ་པར་ཐོག སྐད་ཆ་བཤད་རྗེས་ཊོམ་གྱིས་མོ་ཌི་ཨ་རིར་འཚམས་གཟིགས་སུ་ཕེབས་རྒྱུའི་མགྲོན་འབོད་གནང་ཡོད་འདུག

16295899_311161495952579_1597839324_nདེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསར་ལྟར་ན། ཕྱི་ཚེས་༢༤ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་རྒྱ་གར་གྱི་སྲིད་བློན་མོ་ཌི་གཉིས་ཁ་པར་ཐོག་སྐད་ཆ་བཤད་ཡོད་པ་དང་། དེའི་སྐབས་ཁོང་གཉིས་ཀྱིས་དཔལ་འབྱོར་དང་བདེ་སྲུང་སྐོར་སོགས་གཞི་རྒྱ་ཆེ་བའི་གནད་དོན་རྣམས་ཀྱི་ཐོག་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཤུགས་ཆེ་རུ་གཏོང་ཐབས་ཀྱི་སྐོར་ལ་གྲོས་བསྡུར་བྱས་སོང་ཞེས་ཨ་རིའི་གཞུང་གིས་བརྗོད་ཡོད་འདུག  དེ་བཞིན་སྲིད་འཛིན་ཊོམ་གྱི་ངོས་ནས་འཛམ་གླིང་ནང་གི་དཀའ་རྙོག་དག་སེལ་བར་རྒྱ་གར་ནི་ཨ་རིའི་བཅོས་མིན་གྱི་གྲོགས་པོ་དང་། རོགས་པ་ཞིག་ཏུ་མཐོང་གི་ཡོད་རེད་ཅེས་ཀྱང་བརྗོད་ཡོད་འདུག ཡང་ཨ་རིའི་གཞུང་གིས་“སྲིད་འཛིན་ཊོམ་དང་སྲིད་བློན་མོ་ཌི་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་དཔུང་པ་མཉམ་བཤིབ་ཐོག་ནས་ཁ་གཏད་གཅག་རྒྱུའི་ཐག་གཅོད་བྱུང་སོང་” ཞེས་བསྒྲགས་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མོ་ཌི་ཡིས་ཀྱང་སྔ་ལོའི་ཕྱི་ཟླ་༡༡ པའི་ནང་སྲིད་འཛིན་ཊོམ་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་སྐབས་འཚམས་འདྲི་ཞུས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༢༥ ཉིན་ཁོང་གིས་”མདང་དགོང་ཌོ་ནལ་ཊོམ་དང་གླེང་མོལ་ཡག་པོ་བྱུང་སོང་”ཞེས་དང་། ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་དམ་དུ་བཏང་ནས་བློ་ཐག་ཉེ་པོའི་སྒོ་ནས་ལས་དོན་བསྒྲུབ་རྒྱུར་མོས་མཐུན་ཡོད་སྐོར་བཅས། སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ནང་བཀོད་ཡོད་འདུག དེ་བཞིན་ཁོང་གིས་ཌོ་ནལ་ཊོམ་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་རྒྱུའི་མགྲོན་འབོད་ཀྱང་གནང་ཡོད་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།