ཨ་རིར་གནས་བཞུགས་བོད་མི་ཚོས་ཕྱི་ཚེས་༡༥ ཉིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་ལ་མཉམ་ཞུགས་ཀྱི་འབོད་སྐུལ།



ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན་ཐེངས་ ༣༠ པ་དེ་ཕྱི་ཚེས་ ༡༡ ནས་ ༡༧ བར་དུས་ཡུན་ཉིན་གྲངས་བདུན་རིང་ཨ་རིའི་སན་ཧྥི་རན་སིས་སི་ཀོ་(San Francisco) ལ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་དུ་ཨ་རི་དང་ཉི་ཧོང་། དེ་བཞིན་ཨོ་གླིང་དང་རྒྱ་ནག་སོགས་རྒྱལ་ཁབ་ ༢༡ ཙམ་གྱི་འགོ་ཁྲིད་དག་ཚོགས་ཞུགས་བྱས་ཡོད་པ་དང་། ཐེངས་འདིར་ཨ་རྒྱའི་འབྲེལ་ལམ་དང་། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་ཚོང་འབྲེལ་གྱི་དཀའ་ངལ། དེ་བཞིན་ཨེ་ཟི་རེལ་གྱི་དམག་འཁྲུག་སོགས་ཀྱི་གནད་དོན་ཐོག་གླེང་མོལ་བྱ་རྒྱུ་ཡིན་འདུག ཕྱི་ཟླ་༡༡ ཚེས་༡༡ ཉིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་འབྲེལ་གྱིས་གོ་སྒྲིག་འོག་བོད་མི་བརྒྱ་ལྷག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་དང་། ལས་འགུལ་བ་ཚོས་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག 

དེ་བཞིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་ཚོགས་འདུ་ཚོགས་སའི་ཐོག་ཁང་གི་མདུན་དུ་སྒེར་གཅོད་པ་ཞིས་ཅིན་ཕིང་ཁྱོད་ཀྱི་དུས་ཚོད་རྫོགས་སོང་། བོད་རང་བཙན། ཞི་ཅིན་ཕིང་སྲིད་དབང་སྒེར་འཛིན་པ་རེད་སོགས་བྲིས་པའི་འཕྲེད་དར་དཔྱངས་པ་དང་ལྷན། བོད་ལ་རང་དབང་དགོས། ཞི་ཅིན་ཕིན་ལ་དགའ་བསུ་མེད་བཅས་སྐད་འབོད་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག གཞན་ཡང་ཨ་རིའི་ས་ཁུལ་གང་སར་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཚོགས་པ་འདྲ་མིན་གྱི་མི་རྣམས་ཀྱིས་སན་ཧྥི་རན་སིས་སི་ཀོ་ལ་འཛོམས་ཏེ་ཞི་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་སྤེལ་ཐབས་བྱེད་བཞིན་ཡོད་འདུག

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་དབུ་རྒྱན་གྱིས། ཕྱི་ཟླ་༡༡ ཚེས་༡༥ ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གཉིས་གཙོས་པའི་འཛམ་བུ་གླིང་གི་འགོ་ཁྲིད་མང་པོ་ཨ་རིའི་རྒྱལ་ས་སན་ཧྥི་རན་སིས་སི་ཀོ་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པས། ནམ་རྒྱུན་བོད་ཀྱི་གནས་ཚུལ་གོ་དུས་ང་ཚོའི་སེམས་སྐྱོ་བ་མ་གཏོགས་བྱ་ཐབས་མེད་པ་ལབ་ཀྱི་ཡོད་པ་དང་། ཞི་ཅིན་ཕིང་ཁོ་རང་ཡང་ལུང་པ་ནས་ཕྱི་ལོགས་ཞེ་དྲག་འགྲོ་གི་མེད་པས་གོ་སྐབས་འདི་གལ་ཆེན་པོ་ཆགས་ཡོད་པའི་སྐོར་དང་འབྲེལ། ད་རིང་རྒྱ་ནག་དང་འཛམ་གླིང་ཡོངས་ཀྱི་མདུན་དུ་ངོ་རྒོལ་དང་གོ་རྟོགས་སྤེལ་དགོས་ཡ་དེ་ཛ་དྲག་དང་གལ་ཆེན་པོ་ཆགས་ཡོད་པ་དང་། དེ་བཞིན་སྲིད་འཛིན་ཇོ་བྷ་ཌན་ལ་བོད་ཀྱི་དཀའ་ངལ་དང་རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་གདན་འདྲེན་ཞུ་དགོས་པར་གནོད་ཤུགས་སྤྲོད་དགོས་པ་སོགས་བརྗོད་དེ། བོད་རང་བཙན་སློབ་ཕྲུག་ཚོགས་པས་སྐབས་དེར་སན་ཧྥི་རན་སིས་སི་ཀོ་ལ་ལས་འགུལ་ཞིག་སྤེལ་རྒྱུ་ཡོད་པ་དང་། དེར་ཨ་རིར་ཡོད་པའི་བོད་རིགས་གང་མང་མང་གིས་མཉམ་རུབ་ཐོག་ནས་སྐད་འབོད་རྒྱག་པའི་རེ་བ་ཡོད་པར་བརྗོད་འདུག་ལ།

དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ནས་ཀྱང་འཛམ་གླིང་འདིའི་སྒང་གི་སྲིད་དབང་སྒེར་གཅོད་པའི་འགོ་ཁྲིད་དབང་ཆ་ཆེ་ཤོས་ཞི་ཅིན་ཕིང་ཚོགས་འདུ་འདིའི་སྒང་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པས། གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ལས་འགུལ་གྲ་སྒྲིག་བྱེད་བཞིན་པ་ལྟར། ཨ་རིར་གནས་ཞུགས་རྣམས་ཀྱིས་ཉི་མ་གཅིག་གི་ཡོང་འབབ་དང་དུས་ཚོད་བློས་བཏང་བྱས་ཏེ་མི་གང་མང་མང་ཞིག་མཉམ་ཞུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། བོད་མི་རིགས་ལ་མཚོན་ན་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་འཛེམ་ཟོན་མེད་པའི་ཐོག་ནས་ལས་འཆར་སྣ་མང་ལ་ཁ་གཡར་ཏེ་བོད་མི་རིགས་རྩ་མེད་བཟོ་གི་ཡོད་པ་དང་། ཞི་ཅིན་ཕིང་དེ་འཛམ་གླིང་གི་མི་ནག་ཅན་པ་ཞིག་ངོས་འཛིན་བྱེད་འཇུག་རྒྱུ་ང་ཚོའི་འགན་ཁུར་ཡིན་པར་བརྗོད་གནང་འདུག
ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་ལྷན་ཚོགས་འདིའི་ཐོག་ཞི་ཅིན་ཕིང་ཚོགས་འདུ་འདིར་མཉམ་ཞུགས་བྱེད་རྒྱུའི་རེ་བ་དང་གྲ་སྒྲིག་མང་པོ་བྱས་ཀྱང་ལོ་དྲུག་དང་ཕྱེད་ཀའི་རྗེས་སུ་བར་དུ་མཉམ་ཞུགས་བྱས་མེད་པ་དང་། ཞི་ཅིན་ཕིང་སྐབས་སུ་བོད་ནང་དུ་སྨྲ་བརྗོད་དང་འགྲོ་སྡོད། ཆོས་དད་བཅས་ཀྱི་རང་དབང་རྩ་མེད་བཏང་བ་མ་ཟད། བཅའ་སྡོད་སློབ་གྲྭ་དང་རིགས་རྫས་བསྡུ་ལེན་སོགས་ཀྱིས་མ་འོངས་པར་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ཞིག་ཞི་ཅིན་ཕིང་གིས་བཏིངས་ཡོད་པས། ང་ཚོར་གཞིས་བཞུགས་བོད་མིའི་རེ་བ་དང་ཁོང་ཚོའི་འབོད་སྒྲ་དེ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱ་རྒྱུ་ང་ཚོར་འོས་འགན་ཡོད་པས། ཨ་རིར་ཡོད་པའི་བོད་མི་ཚོས་ཕྱི་ཚེས་༡༥ ཉིན་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་གནང་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།