ཨ་རིས་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་གྱེན་ལངས་དམག་ལ་གནམ་ཐོག་ནས་དྲག་རྒོལ་བྱས་འདུག 

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་སི་རི་ཡ་དང་ཨི་རག་ནང་དུ། ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་གྱེན་ལངས་དམག་གི་མཚོན་ཆའི་མཛོད་ཁང་སོགས་ལ་གནམ་ཐོག་ནས་དྲག་རྒོལ་བྱེད་རྒྱུར་བཀའ་རྒྱ་བཏང་འདུག་པ་དང་། དྲག་རྒོལ་དེ་ནི་ཨ་རིའི་དམག་མིའི་བདེ་འཇགས་སྲུང་སྐྱོབ་ཆེད་ཡིན་སྐོར་བརྗོད་འདུག 

ཟླ་༦ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཨི་རག་ནང་དུ་ཨ་རིའི་དམག་མི་རྣམས་ལ། གནམ་ཐོག་ནས་ཁ་ལོ་བ་མེད་པའི་གནམ་གྲུ་ཌེ་རོན་(Drone) གྱིས་དྲག་རྒོལ་ཐེངས་ཁ་ཤས་བྱས་འདུག་པ་དང་། ཨི་རན་གྱི་དྲག་རྒོལ་དེ་རིགས་དང་འབྲེལ་བ་མེད་སྐོར་བརྗོད་འདུག

ཨ་རིའི་དམག་གི་སྒྲིག་འཛུགས་ཀྱི་སྤེལ་བའི་བསྒྲགས་གཏམ་ནང་། ཉེ་ཆར་ཨ་རིས་སི་རི་ཡ་དང་ཨི་རག་ནང་དུ། ཨི་རན་གྱི་རྒྱབ་སྐྱོར་བྱེད་ཡུལ་གྱེན་ལངས་དམག་གི་རུ་ཁག་(Kataib Hezbollah) དང་(Kataib Sayyid al-Shuhada) གཉིས་ཀྱིས་བེད་སྤྱོད་གཏོང་བཞིན་པའི་ས་ཚིགས་གཉིས་སུ། གནམ་ཐོག་ནས་དྲག་རྒོལ་བྱས་ཡོད་པ་དང་། དྲག་རྒོལ་དེ་ཡང་ཨ་རིའི་དམག་མིའི་བདེ་འཇགས་སྲུང་སྐྱོབ་ཆེད་ཡིན་པ། སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཨ་རིའི་དམག་མི་སྲུང་སྐྱོབ་ཆེད་དུ་བྱ་འགུལ་སྤེལ་རྒྱུ་ཡིན་པ་གསལ་པོ་བརྗོད་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་འདུག འོན་ཀྱང་དྲག་རྒོལ་དེ་ལ་བརྟེན་ནས་མི་ག་ཚོད་བསད་ཡོད་མེད་སྐོར་གང་ཡང་གསལ་མེད་འདུག 

དབྱིན་ཡུལ་དུ་ཡོད་པའི་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་ནས་བརྗོད་པར་གཞིགས་ན། ཐེངས་འདིའི་དྲག་རྒོལ་ཁྲོད་དུ་སི་རི་ཡ་ནང་གྱེན་ལངས་དམག་མི་༥ བསད་ཡོད་པ་དང་དེ་ལས་མང་བ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག དེ་བཞིན་སི་རི་ཡའི་གཞུང་གི་བརྒྱུད་ལམ་གྱིས། ཕྲུ་གུ་གཅིག་དང་དེ་མིན་ཉུང་མཐར་མི་༣ གྱི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་འདུག ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ད་བར་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་གྱེན་ལངས་དམག་ལ་དྲག་རྒོལ་བྱེད་རྒྱུའི་བཀའ་རྒྱ་ཐེངས་གཉིས་བཏང་ཡོད་པ་རེད། 

ད་ལྟའི་ཆར་ཨི་རན་གྱིས་ཨ་རི་གཙོས་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་དང་མཉམ་དུ་གྲོས་མོལ་བྱས་ཏེ། ཕྱི་ལོ་༢༠༡༥ ལོར་བཞག་པའི་རྡུལ་མཚོན་གྱི་གྲོས་མཐུན་དེ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་འདུག སྐབས་སྔོན་མའི་ཨ་རིའི་སྲིད་འཛིན་ཊོམ་གྱིས་རྡུལ་མཚོན་གྲོས་མཐུན་དེ་ནས་ཨ་རི་ཕྱིར་འཐེན་བྱས་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་རེད། 

དེ་སྔོན་ཟླ་༢ པའི་ཨི་རན་གྱི་ཕྱི་སྲིད་བློན་ཆེན་གྱིས། གལ་ཏེ་ཨ་རིའི་སྲིད་གཞུང་གསར་པ་རྡུལ་མཚོན་གྲོས་མཐུན་ལ་བསྐྱར་དུ་ཞུགས་རྒྱུ་ཡིན་ཚེ། ཐོག་མར་དཔལ་འབྱོར་ཉེས་ཆད་རྣམས་ཕྱིར་འཐེན་བྱེད་དགོས་པ་དང་། དེའི་རྗེས་སུ་ཨ་རི་གཞུང་དང་ཐུག་འཕྲད་ཀྱིས་ཊོམ་གྱི་ལས་ཡུན་སྐབས་སུ་དཔལ་འབྱོར་ལ་ཨ་སྒོར་ཁྲག་ཁྲིག་༡ གི་གནོད་སྐྱོན་ཆེན་པོ་བཏང་ཡོད་པས། དེའི་ཆེད་དུ་གུན་གསབ་དགོས་སྐོར་གྱི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གུན་གསབ་དེ་ཡང་རྒྱལ་ཁབ་དེའི་ནང་ཨ་རིས་མ་འཛུགས་བྱེད་པ་དང་། ཡང་ན་དངུལ་གྱི་གུན་གསབ་སྤྲོད་པ། ཡང་ན་མ་འོངས་པར་ཊོམ་གྱིས་བྱས་པ་ལྟར་མི་ཡོང་བའི་ཆེད་དུ། རྡུལ་མཚོན་གྲོས་མཐུན་ནས་ཕྱིར་འཐེན་བྱེད་རྒྱུ་མེད་པའི་ཐབས་ལམ་བཟོ་བ་སོགས་བྱེད་སྲིད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།