ཨི་རན་གྱིས་ཨ་རིའི་དམག་གི་རྟེན་གཞི་ཞིག་ལ་གཏོར་རྒོལ་བཏང་འདུག

ཨ་རིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སའི་ལྟེ་གནས་ཁག་གསུམ་ལ་གཏོར་རྒོལ་བཏང་རྗེས། ཨི་རན་གྱིས་ཨ་རིའི་དམག་གི་རྟེན་གཞི་ཞིག་ལ་གཏོར་རྒོལ་བཏང་ཡོད་འདུག་ཅིང་། ཨ་རིའི་སྲིད་འཛིན་གྱིས་དེ་ནི་ཧ་ཅང་ནུས་པ་ཆུང་བའི་གཏོར་རྒོལ་ཞིག་རེད་བརྗོད་ཡོད་འདུག
ཕྱི་ཚེས་༢༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་ཨི་རན་གྱིས་ཨ་རིའི་དམག་གི་རྟེན་གཞི་ཞིག་ལ་གཏོར་རྒོལ་བྱས་ཡོད་འདུག་ཅིང་། དེ་ནི་ཨ་རིའི་གཞུང་གིས་དེ་སྔོན་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་ཁག་གསུམ་ལ་གཏོར་རྒོལ་བཏང་བ་དེ་ལ་རྒོལ་ལན་ཡིན་པར་བརྗོད་འདུག ཨ་རིའི་དམག་གི་རྟེན་གཞི་དེ་དཀྱིལ་ཤར་གྱི་ཡུལ་གྲུ་ཁ་ཐར་རྒྱལ་ཁབ་ནང་ཡོད་འདུག་པ་དང་། དྲྭ་ཐོག་ཏུ་མཐོང་རྒྱུ་ཡོད་པ་ཞིག་ལ་ཨ་རིའི་དམག་གི་རྟེན་གཞི་དེའི་མཁའ་དབྱིངས་སུ་ཨི་རན་ནས་འཕངས་པའི་མདེའུ་རྣམས་ཨ་རིའི་མཁའ་དབྱིངས་འགོག་སྲུང་མ་ལག་གིས་འགོག་རྒོལ་བྱེད་བཞིན་པ་མཐོང་རྒྱུ་འདུག དཀྱིལ་ཤར་ཁུལ་གྱི་ཁ་ཐར་རྒྱལ་ཁབ་ནང་དུ་ཡོད་པའི་ཨ་རིའི་དམག་གི་རྟེན་གཞི་(Al-Udeid)ཟེར་བའི་ས་ཁུལ་དུ་ཨ་རིའི་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་དུ་ཡོད་པའི་དམག་གི་རྟེན་གཞི་ཆེ་ཤོས་དེ་ཡོད་འདུག་ཅིང་། ས་ཆ་དེར་དབྱིན་ཡུལ་གྱི་དམག་མི་ཡང་ཕོན་ཆེན་པོ་ཞིག་རྒྱུན་དུ་སྡོད་ཀྱི་ཡོད་འདུག

་དེ་སྔོན་ཨ་རིས་ཨི་རན་གྱི་ཐོག་ཏུ་གཏོར་རྒོལ་བྱེད་དུས་ཨི་རན་གྱིས་ཉེན་བརྡ་བཏང་ཡོད་འདུག་ཅིང་། ཁ་སང་ཨི་རན་གྱིས་འཕུར་མདའ་ཁྱོན་༡༩ ཙམ་ཨ་རིའི་དམག་གི་རྟེན་གཞིའི་ཐོག་ཏུ་འཕངས་ཡོད་པར་བརྗོད་འདུག ཁ་ཐར་ནང་ཨ་རིའི་མི་སེར་ཁྱོན་༨༠༠༠ ཙམ་ཡོད་འདུག་ལ། དབྱིན་ཡུལ་གྱི་མི་སེར་སྟོང་ཕྲག་འགའ་ཤས་ཡོད་འདུག་ཀྱང་། ཐེངས་འདིའི་གཏོར་རྒོལ་ལ་བརྟེན་ནས་ཤི་རྨས་གང་ཡང་བྱུང་མེད་པར་བརྗོད་འདུག འོན་ཀྱང་། ཁ་ཐར་རྒྱལ་ཁབ་ཀྱིས་ཁོང་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་དབང་ཚད་ལ་བརྩི་འཇོག་མེད་པར་ཨ་རིའི་དམག་གི་རྟེན་གཞི་ལ་གཏོར་རྒོལ་བྱས་པ་ནི་ཁྲིམས་འགལ་ཡིན་པ་དང་། དེ་ནི་རྒྱལ་སྤྱི་ཁྲིམས་ལུགས་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག
དེ་རིང་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨི་སི་རེལ་དང་ཨི་རན་གཉིས་བར་གྱི་དམག་འཁྲུག་མཚམས་འཇོག་བྱེད་རྒྱུ་འགོ་བཙུགས་ཟིན་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད་འདུག་ལ། ཨི་སི་རེལ་གྱིས་ཀྱང་ད་ལྟ་དམག་མཚམས་བཞག་ཟིན་པས། གལ་སྲིད་ཨི་རན་གྱིས་བསྐྱར་དུ་དམག་འཁྲུག་འགོ་བཙུགས་པ་དང་། དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལ་བརྩི་འཇོག་མ་བྱས་ཚེ། ཨི་སི་རེལ་གྱི་གཞུང་གི་ངོས་ནས་གཏོར་རྒོལ་ཆེན་པོ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག ད་ཆར་ཨི་སི་རེལ་དང་ཨ་རི་གཉིས་ཀྱིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་རྩ་མེད་བཏང་ཟིན་ཡོད་པར་བརྗོད་འདུག་ལ། དེ་བཞིན་ཨ་རིའི་གཞུང་གིས་ཉེ་ཆར་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་གསུམ་ལ་གཏོར་རྒོལ་བཏང་བ་དེས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་དེ་ལ་གཏོར་རྒོལ་ཚབས་ཆེན་བྱས་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།