ཨི་སི་རེལ་སྲིད་བློན་གྱི་གཏམ་བཤད་སྐབས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོས་ངོ་རྒོལ་བྱས།
ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སི་དྲག་པོའི་དཔུང་ཚོགས་ཀྱིས་ཨི་སི་རེལ་ཐོག་རྒོལ་རྡུང་བཏང་ནས་མི་༡༠༠༠ ལྷག་ཙམ་ཤི་རྨས་བྱུང་ཡོད་པར་བརྟེན། དུས་དེ་ནས་བཟུང་ད་བར་ཨི་སི་རེལ་གྱིས་ཧ་མ་སིའི་དྲག་དཔུང་ལ་རྒོལ་ལན་བསློགས་ནས་མི་མང་ས་ཡ་མང་པོ་ལ་དོ་ཕོག་བཏང་ཡོད་འདུག་པ་དང་། ད་དུང་ཡང་དམག་འཁྲུག་མཚམས་མ་བཞག་ནས་མུ་མཐུད་དམག་འཁྲུག་རྒྱག་བཞིན་ཡོད་པའི་སྐབས་དེར། ཨི་སི་རེལ་གྱི་སྲིད་བློན་ཨ་རིའི་ནང་ལྟ་སྐོར་ཡོང་དུས་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་དང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོས་ངོ་རྒོལ་བྱས་ཡོད་འདུག

ཕྱི་ཚེས་༢༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱི་སྲིད་བློན་(Benjamin Netanyahu)ཡིས་ཁ་སྔོན་ཨ་རིའི་གྲོས་ཚོགས་སུ་གཏམ་བཤད་བྱས་ཡོད་འདུག་པ་དང་། གཏམ་བཤད་སྐབས་སུ་སྲིད་བློན་གྱིས་བརྗོད་དོན། ང་ཚོའི་དགྲ་བོ་ནི་ཁྱོད་ཚོའི་དགྲ་བོ་ཡང་རེད། ང་ཚོ་དགྲ་བོ་ལས་རྣམ་པ་རྒྱལ་ན་ཁྱོད་ཚོ་ཡང་དགྲ་བོ་ལས་རྣམ་པ་རྒྱལ་བ་རེད། ད་ལྟའི་ང་ཚོའི་དགྲ་བོ་ནི་ཨ་རིའི་དགྲ་བོ་ཆེ་ཤོས་དང་སྡུག་རྩུབ་ཅན་ཞིག་རེད་ཅེས་བརྗོད་ནས་ཨ་རིའི་གྲོས་ཚོགས་སུ་གཏམ་བཤད་བྱས་ཡོད་འདུག སྲིད་བློན་གྱི་གཏམ་བཤད་སྐབས་སུ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་འགའ་བཅས་ཁྱོན་འཐུས་མི་༣༩ ཙམ་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་དུ་གྲོས་ཚོགས་སུ་ཡོང་ཡོད་མི་འདུག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པི་ལོ་སི་(Nancy Pelosi)ཡང་ཡོང་ཡོད་མི་འདུག་པ་མ་ཟད། མོས་(X)སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་ཨི་སི་རེལ་གྱི་སྲིད་བློན་ཨ་རིའི་གྲོས་ཚོགས་སུ་ཡོང་ནས་གཏམ་བཤད་གནང་རྒྱུའི་གོ་སྐབས་སྤྲད་པ་ནི་རྒྱལ་ཁབ་གཞན་ཞིག་གི་མི་སྣ་མགྲོན་འབོད་བྱས་པའི་ནང་ནས་སྡུག་ཤོས་དེ་རེད། ཁོ་རང་ཨ་རི་ལ་ཡོང་བ་ལས་གྷ་ཛའི་ནང་དམག་འཁྲུག་མཚམས་བཞག་ན་ཡག་གི་རེད་ཅེས་བཀོད་ཡོད་འདུག ད་དུང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་ལས་དོན་གཞན་ཞིག་དང་དུས་མཉམ་ཆགས་ཡོད་ཚུལ་བརྗོད་ནས་སྐབས་དེར་བསླེབས་ཡོད་མི་འདུག ཨ་རིའི་གྲོས་ཚོགས་ནང་ཨི་སི་རེལ་གྱི་སྲིད་བློན་གྱིས་གཏམ་བཤད་གནང་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་ཡིན་པའི་པ་ལི་སི་ཐན་གྱི་མི་རིགས་ཡིན་མཁན། (Michigan Democrat Rashida Tlaib)ཟེར་བ་ཁོང་མོས་མི་རིགས་སྡེབས་གསོད་པ་དང་དམག་འཁྲུག་གི་ཉེས་ཅན་པ་ཞིག་ཅེས་བྲིས་པའི་འཕྲད་དར་གཅིག་ཁུར་ནས་ངོ་རྒོལ་བྱས་ཡོད་འདུག

དེ་བཞིན་ཨ་རིའི་སྲང་ལམ་གང་སར་ནས་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་གིས་འཕྲད་དར་ཐོག་ཨི་སི་རེལ་གྱི་སྲིད་བློན་ནི་དམག་འཁྲུག་གི་ཉེས་ཅན་པ་ཡིན་པས་རྒྱལ་སྤྱིའི་ཁྲིམས་ཁང་གི་ངོས་ནས་འཕྲལ་དུ་འཛིན་བཟུང་བྱེད་དགོས་ཞེས་བཀོད་དེ་ངོོ་རྒོལ་བྱས་ཡོད་འདུག
སྲིད་བློན་གྱིས་གཏམ་བཤད་སྐབས་སུ་བརྗོད་དོན། ད་ལྟའི་ཨི་སི་རེལ་ལ་ཀླ་ཀློ་བས་དཔལ་ཡོན་ལྡན་མི་རིགས་ཤིག་ལ་དྲག་རྒོལ་བྱས་ཡོད་པས། ཨི་སི་རེལ་དང་ཨ་རི་གཉིས་ཀྱི་མངོན་འདོད་སྲུང་སྐྱོབ་ཆེད་དུ་ཨ་རི་དང་ཨི་སི་རེལ་གཉིས་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་པ་དང་། དེ་བཞིན་ཨ་རིས་ཨི་སི་རེལ་ལ་དཔལ་འབྱོར་དང་དམག་དོན་གྱི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་བརྗོད་ཡོད་འདུག སྲིད་བློན་གྱིས་གྷ་ཛའི་ས་གནས་མི་མང་ལ་ཨི་སི་རེལ་གྱིས་བཟའ་འབྲུ་འདང་ངེས་སྤྲད་ཡོད། ད་དུང་འདང་གི་མེད་ན་ཧ་མ་སིས་རྐུ་མ་བརྐུས་པ་དང་། འཕྲོག་བཅོམ་བྱས་པ་རེད་ཅེས་བརྗོད་པ་དང་། དེ་བཞིན་ཁོས་ཨ་རིའི་སྲིད་འཛིན་ཟུར་པ་ཊོ་ནལ་ཌམ་ལ་ཁོང་སྲིད་འཛིན་ཡིན་དུས་ཨ་རིའི་གཞུང་ཚབ་(Jerusalem)ལ་གནས་སྤོས་ཡོད། མངའ་ཁུལ་དེ་ཨི་སི་རེལ་གྱི་ཡིན་པ་ངོས་འཛིན་གསལ་པོ་བྱས་ཡོད་པར་ཐུགས་རྗེ་ཆེ་ཞེས་བརྗོད་འདུག མངའ་ཁུལ་དེ་ཕྱི་ལོ་༡༩༦༧ ལོ་ཨི་སི་རེལ་གྱིས་སི་རི་ཡ་ནས་ཚུར་བླངས་ཡོད་འདུག་ལ། སྤྱིར་མངའ་ཁུལ་དེའི་ཆེད་དུ་ཨི་སི་རེལ་དང་ཨ་རབ་ཡུལ་གྲུའི་བར་རྩོད་རྙོག་ཧ་ཅང་ཆེན་པོ་ཡོད་འདུག
ཨི་སི་རེལ་གྱི་སྲིད་བློན་(Mr Netanyahu)་ཡིས་གཏམ་བཤད་གནང་བཞིན་པ་དེ། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ཕྱོགས་སུ་གཟུགས་མཐོང་གློག་བརྙན་ཐོག་བསྟན་ཡོད་འདུག་པ་དང་། སྐབས་དེར་མི་མང་གིས་ངོ་རྒོལ་སྐད་འབོད་ཤུགས་ཆེན་པོ་བྱེད་བཞིན་དུས་སུ། ཧ་མ་སིས་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་གཉིས་ཀྱི་ཕུང་པོ་ཨི་སི་རེལ་གྱི་དམག་མི་ལ་སྤྲད་ཡོད་ཚུལ་གསར་འགྱུར་ཐོན་ཡོད་འདུག་པས། ཨི་སི་རེལ་གྱི་མི་མང་མང་པོས་རང་རང་གི་སྤུན་མཆེད་བཙན་ཁྲིད་བྱས་པ་དག་ཡིན་མིན་ཤེས་རྟོགས་ཀྱི་ཆེད་དུ་ཟང་ཟིང་ཆེན་པོ་བྱུང་ཡོད་འདུག ཧ་མ་སིའི་ལག་ཏུ་ད་དུང་ཨི་སི་རེལ་གྱི་མི་མང་ཁྱོན་༢༥༡ ཙམ་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།