ཨུ་རུ་སུའི་མི་མང་ས་ཡ་གཅིག་ལྷག་བྲོས་བྱོལ་དུ་ཕྱིན་འདུག

ཟླ་འདིའི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་མི་མང་ས་ཡ་གཅིག་ལྷག་དམག་འཁྲུག་གི་དབང་གིས་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་འདུག

ཕྱི་ལོ་༢༠༢༢ ལོ་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་ཟླ་བ་གཉིས་ཙམ་གྱི་རྗེས་སུ། ཨུ་རུ་སུའི་མི་མང་རྒྱ་ཕྲག་མང་པོས་དམག་འཁྲུག་ལ་ངོ་རྒོལ་གྱིས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ལོ་དེའི་ཕྱི་ཟླ་དགུ་པའི་ཚེས་༢༡ ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་ཨུ་རུ་སུའི་ཟུར་བཀག་དམག་མིའི་ཆ་ཤས་ཤིག་བསྡུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། སྐབས་དེར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་(Sergei Shoigu) གྱིས་ཨུ་རུ་སུ་ལ་ཟུར་བཀག་དམག་མི་ཁྱོན་བསྡོམས་ས་ཡ་༢༥ ཙམ་ཡོད་པའི་ནང་ནས་དམག་མི་༣༠༠,༠༠༠། བསྡུ་རྒྱུ་དང། གྲངས་འབོར་དེ་ནི་ཨུ་རུ་སུའི་ཟུར་བཀག་དམག་མིའི་བརྒྱ་ཆ་༡% མ་གཏོགས་ཟིན་གྱི་མེད་རབས་བརྗོད་ཡོད་པར་བརྟེན། སྐབས་དེར་དམག་འཁྲུག་གི་ནང་དུ་མཉམ་ཞུགས་བྱེད་འདོད་མེད་མཁན་ཨུ་རུ་སུའི་མི་མང་སྟོང་ཕྲག་མང་པོ་འཇོར་ཇི་ཡ་དང་ཁ་ཛག་སི་ཐན། ཧྥིན་ལན་ཌི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་ཡོད་འདུག

ཕྱི་ལོ་༢༠༢༠ ལོ་ནད་ཡམས་མ་ཁྱབ་གོང་དུ་ཡུ་རོབ་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་སྐྱབས་བཅོལ་ཞུ་མི་དང་ཕྱི་ལོ་༢༠༢༢ ལོར་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཨུ་རུ་སུའི་སྐྱབས་བཅོལ་ཞུ་མིའི་བར་བསྡུར་ན་ཕྱི་ལོ་༢༠༢༢ ལོ་ཨུ་རུ་སུའི་སྐྱབས་བཅོལ་ཞུ་མི་ལྡབ་གསུམ་འཕར་ཡོད་པའི་གནས་ཚུལ་ཐོན་འདུག

དམག་འཁྲུག་འགོ་བཙུགས་ནས་ད་བར་ཨུ་རུ་སུའི་མི་མང་ཇི་ཙམ་ཞིག་བྲོས་བྱོལ་དུ་ཕྱིན་ཡོད་པ་གསལ་བོ་བརྗོད་ཐབས་དཀའ་ཡང་། ལོ་འདིའི་ཟླ་བ་ལྔ་པའི་ནང་དབྱིན་ཡུལ་གྱི་བདེ་སྲུང་བློན་ཆེན་གྱིས་ཚོད་དཔག་གིས་བརྗོད་གསལ་ལྟར་ན། ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུའི་མི་མང་ས་ཡ་༡.༣ ལྷག་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཕྱིན་ཡོད་འདུག་ལ། གནས་ཚུལ་དབྱེ་ཞིབ་པ་མང་པོས་ད་བར་ཨུ་རུ་སུའི་མི་མང་འབུམ་གསུམ་ནས་ས་ཡ་གཅིག་བར་ཨུ་རུ་སུ་ནས་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཕྱིན་ཡོད་རབས་རྗོད་བཞིན་འདུག

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཨུ་རུ་སུ་ནས་བྲོས་བྱོལ་དུ་འགྲོ་མཁན་ཚོ་ལ་ཡང་སྐྱབས་བཅོལ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག དཔེར་ན། ཨ་རི་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཨུ་རུ་སུ་ནས་བྲོས་བྱོལ་དུ་ཡོང་མཁན་ཚོའི་སྤུན་མཆེད་དང་ནང་མི་སོགས་ཡོད་ན་མ་གཏོགས་མཐོང་མཆན་སྤྲད་ཀྱི་མེད་པར་བརྟེན། ད་བར་ཨུ་རུ་སུའི་མི་མང་༡༧༠༠༠ ལྷག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཆབ་སྲིད་སྐྱབས་བཅོལ་ཞུས་ཡོད་ཀྱང་། མི་ཉིས་སྟོང་མ་གཏོགས་སྐྱབས་བཅོལ་རག་མི་འདུག

ཨུ་རུ་སུའི་དངུལ་ཁང་ཆེ་ཤོས་ཨེལ་ཧྤ་(Alfa) དངུལ་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། ད་བར་ཨུ་རུ་སུའི་ལས་མི་བརྒྱ་ཆ་༡.༥% ཙམ་ཨུ་རུ་སུ་བསྐྱུར་ནས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཕྱིན་ཡོད་པར་བརྗོད་འདུག། ཨུ་རུ་སུའི་བཟོ་ཚོང་ཁང་མང་པོ་ལ་ལས་མི་མ་འདང་པའི་དཀའ་ངལ་འཕྲད་ཡོད་འདུག་ལ། བྲོས་བྱོལ་བ་མང་ཆེ་བ་ནི་ཤེས་ཡོན་ཅན་དང་སློབ་སྦྱོང་ཡོད་མཁན་ཆགས་ཡོད་འདུག། བྲོས་བྱོལ་བ་ཚོས་དངུལ་ཁང་ནས་དངུལ་ཕོན་ཆེན་བཏོན་ནས་འགྲོ་ཡི་ཡོད་པས། ཨུ་རུ་སུའི་དཔལ་འབྱོར་ལ་ཡང་གྱོང་གུད་ཆེན་པོ་ཕོག་ཡོད་འདུག

དམག་འཁྲུག་འགོ་བཙུགས་ནས་ཟླ་བ་ཁ་ཤས་ཕྱིན་པའི་རྗེས། ཨུ་རུ་སུའི་དབུས་དངུལ་ཁང་གིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ཨུ་རུ་སུའི་མི་མང་ཚོས་དངུལ་ཁང་ནས་ཨུ་སྒོར་(Roubles 12bn) ཐེ་འབུམ་༡༢ ཙམ་བཏོན་ཡོད་འདུག་ལ། ཕྱི་ལོ་༢༠༠༨ ནས་བཟུང་ཨུ་རུ་སུའི་དངུལ་ཁང་ནས་དངུལ་སྒོར་དེ་འདྲ་བཏོན་པ་ཐོག་མ་ཆགས་ཡོད་འདུག།ཨུ་རུ་སུའི་མི་མང་རྣམས་བྲོས་བྱོལ་དུ་ཕྱིན་པའི་དབང་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ལས་མི་མ་འདང་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།