ཨུ་རུ་སུའི་སྲིད་འཛིན་ཨ་རབ་རྒྱལ་ཁབ་གཉིས་ལ་ཕྱིན་ནས་སྣུམ་གྱི་གོང་ཚད་སྐོར་སོགས་གླེང་རྒྱུ་རེད་འདུག

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་སོ་དྷི་ཨ་རབ་དང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་གཉིས་ལ་ཕྱིན་ནས་རྒྱལ་སྤྱིའི་ཆབ་སྲིད་དང་ཧ་མ་སི་དང་ཨི་སི་རེལ་བར་གྱི་དམག་འཁྲུག་སོགས་ཀྱི་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག

ཨུ་སུ་རུ་གཞུང་གི་མགྲིན་ཚབ་པས་བརྗོད་གསལ་ལྟར་ན། ཨུ་སུ་རུའི་སྲིད་འཛིན་པུ་ཊིན་ཟླ་འདིའི་ཚེས་༦ ཉིན། ཁ་ཆེའི་རྒྱལ་ཁབ་སོ་དྷི་ཨ་རབ་དང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་གཉིས་ལ་ཕྱིན་ནས་རྒྱལ་སྤྱིའི་ཆབ་སྲིད་དང་ཧ་མ་སི་དང་ཨི་སི་རེལ་བར་གྱི་དམག་འཁྲུག རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སོགས་ཀྱི་ཐོག་ལ་གྲོས་མོལ་གནང་རྒྱུ་ཡིན་འདུག

ལོ་འདིའི་ཕྱི་ཟླ་༣ པའི་ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་གྱིས་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པ་བསྒྲགས་ནས་སྲིད་འཛིན་པུ་ཊིན་འཛིན་བཟུང་ཆོག་པའི་གསལ་བསྒྲགས་སྤེལ་བར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཁོང་ཉིད་འགྲིམ་འགྲུལ་བྱེད་པར་ཚད་བཀག་བྱུང་ཡོད་འདུག

ཨུ་རུ་སུ་དང་ཡུག་རེན་གཉིས་དམག་འཁྲུག་ལངས་ནས་ད་ལྟའི་བར། སྲིད་འཛིན་པུ་ཊིན་རྒྱལ་ཁབ་དགུའི་ནང་འཚམས་གཟིགས་ཕྱིན་ཡོད་ཅིང་། རྒྱ་ནག་དང་ཨི་རན་གཉིས་ཕུད་རྒྱལ་ཁབ་གཞན་བདུན་པོ་ནི་དེ་སྔ་ཨུ་སུ་རུ་མཉམ་འབྲེལ་རྒྱལ་ཁབ་ཁོངས་གཏོགས་དང་། རྗེས་སུ་ཁ་འཐོར་ཕྱིན་ནས་རང་བཙན་རྒྱལ་ཁབ་ཆགས་པ་ཤ་སྟག་གྱུར་ཡོད་འདུག

ཨུ་རུ་སུ་དང་སོ་དྷི་ཨ་རབ་དང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་གསུམ་ནི་(OPEC+) ་ཞེས་པའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་ཁག་གི་ཚོགས་པའི་ནང་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་། ཚོགས་པ་དེས་ཕྱི་ལོ་༢༠༢༤ ལོའི་ཟླ་བ་དང་པོ་ནས་ཟླ་བ་བཞིའི་རིང་། ཉིན་གཅིག་ནང་ཁྲོམ་རྭ་ལ་སྣུམ་ཟོམ་ས་ཡ་༢.༢ ཉུང་དུ་གཏོང་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

ལོ་འདིའི་ཕྱི་ཟླ་༩ ནས་ཕྱི་ཟླ་༡༡ བར་རྒྱལ་སྤྱིའི་ཁྲོམ་རྭའི་ཁྲོད་སྣུམ་ཟོམ་གཅིག་ལ་ཨ་སྒོར་༩༤.༣༦ ནས་ཨ་སྒོར་༧༧.༤༢ བར་ཆག་ཡོད་པ་དང་། ཨུ་རུ་སུ་ལ་མཚོན་ན། ལོ་གཅིག་ནང་ཡོང་འབབ་ཀྱི་བརྒྱ་ཆ་༢༨% ནི་སྣུམ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། སོ་དྷི་ཨ་རབ་ལ་མཚོན་ན། སྣུམ་གྱིས་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་༤༠% ་ཟིན་ཡོད་འདུག རྒྱལ་སྤྱིའི་ཁྲོམ་རྭའི་ནང་སྣུམ་འབེལ་པོ་ཆགས་པ་དང་སྣུམ་གྱི་རིན་གོང་ཇི་ཙམ་ཆུང་དུ་ཕྱིན་ན་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་ལ་གྱོང་གུན་ཕོག་གི་ཡོད་པར་བརྟེན། ཨུ་རུ་སུའི་སྲིད་འཛིན་རྒྱལ་ཁབ་དེ་གཉིས་ལ་ཕྱོགས་བསྐྱོད་ཕྱིན་ནས་སྣུམ་གྱི་གོང་ཚད་སྐོར་གྲོས་མོལ་གནང་རྒྱུའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད་འདུག

གཞན་ཡང་། ཨུ་སུ་རུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་དབང་གིས་ད་ལྟའི་ཆར་ཨུ་རུ་སུས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་མཁར་དབང་དང་རྒྱུ་དངོས་སོགས་ཉོ་ཐུབ་ཀྱི་མེད་ན་ཡང་། ཨུ་རུ་སུས་ཁ་ཆེའི་རྒྱལ་ཁབ་དེ་དག་ནས་མཁར་དབང་ཉོས་ཤིང་། ཨུ་རུ་སུའི་བཟོོ་ཚོང་ཁང་ཁག་ཅིག་ཀྱང་ཡུལ་ལུང་དེ་དག་ལ་གནས་སྤོ་བྱས་པས། རྒྱལ་ཁབ་དེ་དག་ནི་ཨུ་རུ་སུའི་ཚོང་པ་དང་སྲིད་འཛིན་པུ་ཊིན་སོགས་ཀྱི་རྒྱབ་བསྙལ་ས་ལྟ་བུ་ཞིག་ཆགས་ཡོད་པར་བརྗོད་འདུག དེ་བཞིན་ཕྱི་ལོ་༢༠༢༤ ལོའི་བྷི་རི་སི་(BRICS) ལྷན་ཚོགས་གོ་སྒྲིག་གནང་མཁན་ཨུ་རུ་སུ་ཡིན་པ་དང་། སྐབས་དེར་སོ་དྷི་ཨ་རབ་དང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་གཉིས་ལྷན་ཚོགས་ཀྱི་ཁོངས་སུ་ཞུགས་རྒྱུ་ལ་རེ་བ་བྱེད་བཞིན་ཡོད་འདུག

ལྷག་པར་དུ་ཨི་སི་རེལ་གྱིས་གྷ་རྫ་ལ་གནམ་ས་གཉིས་ནས་རྒོལ་རྡུང་གཏོང་བཞིན་པའི་སྐབས་སུ། ཨ་རི་གཞུང་གིས་མུ་མཐུད་ནས་ཨི་སི་རེལ་ལ་རྒྱབ་སྐྱོར་བྱེད་བཞིན་པའི་བྱེད་སྟངས་ལ་ཁ་ཆེ་རྒྱལ་ཁབ་དེ་དག་འདོད་བློ་ཁེངས་ཀྱི་མེད་པའི་དུས་སྐབས་དེར། སྲིད་འཛིན་པུ་ཊིན་ཡུལ་ལུང་དེ་དག་ལ་ཕྱིན་པ་ནི་དུས་ཚོད་རན་པོ་ཞིག་ཡིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།