ཨོ་བྷ་མས་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་༣༥ ཕྱིར་འབུད་བཏང་བ།
གཞུང་འཛིན་གྱི་དུས་ཡུན་བདུན་ཕྲག་གསུམ་ལས་ལྷག་མེད་པའི་ཨོ་བྷ་མའི་སྲིད་གཞུང་གིས། ཨུ་རུ་སུས་ཨ་རིའི་འོས་བསྡུའི་ནང་དུ་ཐེ་ཇུས་བྱས་པའི་རྒོལ་ལན་ལ། ཨ་རིའི་ནང་དུ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་༣༥ དང་དེ་དག་གི་ནང་མི་རྣམས་ཕྱིར་འབུད་བཏང་ཡོད་འདུག་པ་དང་། ཨུ་རུ་སུས་བྱ་སྤྱོད་དེར་རྒོལ་ལན་སློག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་དང་སེན་ཧྥེན་སི་ཀོར་ཡོད་པའི་ཨུ་རུ་སུའི་དོན་གཅོད་ཁང་གི་གཞུས་ཚབ་ལས་བྱེད་༣༥ རྣམས་ཁས་ལེན་མེད་པའི་མི་སྣ་ཡིན་པར་གསལ་བསྒྲགས་བྱས་ཏེ། དེ་དག་དང་ནང་མི་རྣམས་ཆུ་ཚོད་༧༢ ཡི་ནང་ཚུད་ཨ་རི་ནས་ཐོན་དགོས་སྐོར་བརྗོད་ཡོད་འདུག དེ་བཞིན་ཨུ་རུ་སུའི་ཚོགས་སྒེར་དགུ་ལ་ཉེས་ཆད་བཏང་ཡོད་འདུག་པ་དང་། ཨ་རིའི་ནང་དུ་ཨུ་རུ་སུའི་གསང་བའི་ལས་ཁང་གིས་བེད་སྤྱད་བཞིན་པའི་ས་ཆ་གཉིས་སྒོ་བརྒྱབ་ཡོད་འདུག
དེ་སྔོན་སྲིད་འཛིན་ཨོ་བྷ་མས་ཨུ་རུ་སུས་ཨ་རིའི་འོས་བསྡུ་ལ་ཐེ་ཇུས་བྱས་པར་རྒོལ་ལན་སློག་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་བཞག་ཡོད་པ་རེད། འོན་ཀྱང་ཨུ་རུ་སུས་ཉེས་འཛུགས་དེར་ཁས་ལེན་བྱས་མེད་ཁར། སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཊོམ་གྱིས་ཉེས་འཛུགས་དེར་ད་བར་ངོས་ལེན་གསལ་པོ་བྱས་མེད་པ་རེད།
ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱི་མགྲིན་ཚབ་པས་བྱེད་ལས་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། ཨུ་རུ་སུས་རྒོལ་ལན་དུ་དེ་ག
འི་རྒྱལ་ས་མཱོ་སེ་ཀོར་ཡོད་པའི་ཨ་རི་དང་དབྱིན་ཡུལ། ཁེ་ན་ཊ་སོགས་ཀྱི་གཞུང་ཚབ་ལས་བྱེད་ཚོའི་ཕྲུ་གུ་འགྲོ་ཡུལ་གྱི་སློབ་གྲྭ་ཞིག་སྒོ་བརྒྱབ་ཡོད་འདུག དེ་བཞིན་ཨ་རིའི་གཞུང་ཚབ་ཀྱི་སྤྲོ་ཁང་བེད་སྤྱོད་གཏོང་རྒྱུ་མེད་པའི་བཀའ་བཏང་ཡོད་འདུག
ཨ་རིའི་གསང་དབང་ལས་ཁང་ཁག་གིས་ཨུ་རུ་སུས་ཨ་རིའི་མང་གཙོ་ཚོགས་པའི་གློག་ཀླད་ནང་དུ་འཇབ་རྒོལ་བྱས་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧཱི་ལ་རི་ལ་གནོད་པའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་ཏེ། ལྕམ་ཧཱི་ལ་རི་འོས་ཤོར་བ་དང་སྐུ་ཞབས་ཊོམ་ལ་འོས་ཐོབ་པར་མཐུན་འགྱུར་བྱས་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།