ཨོ་སི་ཊེ་རི་ཡ་དང་མཇར་མི་ནའི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་ཕེབས།

ཨོ་སི་ཊེ་རི་ཡ་དང་མཇར་མི་ནའི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ཏུ་ལས་ཀ་བྱེད་ཕྱོགས་སོགས་རྒྱུས་ལོན་གནང་།
ཕྱི་ཟླ་༡༠ ཚེས་ ༠༥ ཉིན་ཨོ་སི་ཊེ་རི་ཡ་དང་མཇར་མི་ནའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། དེ་བཞིན་ (Friedrich Naumann Foundation for Freedom South Asia) རོགས་ཚོགས་ཀྱི་ཚོགས་མི་རྣམ་པ་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་བཅས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ད་ཡོད་གནས་བབ། བོད་དང་རྒྱལ་སྤྱིའི་འབྲེལ་ལམ། བོད་མི་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རེ་བ་གང་རྒྱག་གི་ཡོད་སྐོར་སོགས་ངོ་སྤྲོད་གནང་ཐོག ད་ལྟ་བར་དུ་བོད་དོན་གསོན་པོར་གནས་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླ་ན་མེད་པའི་དབུ་ཁྲིད་ལམ་སྟོན་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས། ཕྱི་རྒྱལ་རོགས་ཚོགས་ཁག་གི་རོགས་རམ་ལ་བརྟེན་ནས་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་། དེ་བཞིན་རྒྱ་ནག་གི་དྲག་པོ་སྲིད་བྱུས་དང་བོད་མིའི་རང་དབང་དང་ཆོས་དད་རང་དབང་སོགས་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པའི་སྐོར། གཞན་ཡང་བོད་ཀྱི་ཆོས་རིག་རྒྱ་ནག་ཅན་དུ་བསྒྱུར་ཐབས་དང་བོད་ཕྲུག་ས་ཡ་གཅིག་ལྷག་གཏན་འཇགས་སློབ་གྲྭར་བཙན་འཇུག་གིས་ཆབ་སྲིད་ཀྱི་སློབ་གསོ་བརྒྱབ་སྟེ་ལྟ་བ་བསྒྱུར་གྱི་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་།

ཕྱི་ཚེས་ ༠༦ ཉིན་ཨོ་སི་ཊེ་རི་ཡ་དང་མཇར་མི་ནའི་གྲོས་ཚོགས་འཐུས་མི་རྣམ་པས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་པ་ཡོད་པ་དང་། སྐབས་དེར་
ཐེངས་འདིར་ (Friedrich Naumann Foundation) རོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས། འཚོ་བའི་གནས་སྟངས། ཤེས་ཡོན་སོགས་ཀྱི་སྐོར་དངོས་སུ་རྒྱུས་ལོན་ཞུ་རྒྱུ་བྱུང་བར་འདོད་བློ་ཚིམ་པོ་བྱུང་བའི་སྐོར་དང་། དེ་ལྟ་བུའི་ཉམས་མྱོང་ལ་བརྟེན་ནས་རྗེས་ཕྱོགས་སུ་རྒྱལ་ཁབ་སོ་སོའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་ཁོང་རྣམས་ནས་བོད་ཀྱི་བདེན་པ་དང་། རང་དབང་གི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། བོད་རྒྱའི་དཀའ་རྙོག་ཞི་བའི་ངང་ནས་བསལ་ཐུབ་པའི་རེ་བ་རྒྱག་གི་ཡོད་ཅེས་ནན་བརྗོད་གནང་ཡོད་འདུག
དེ་རྗེས་གསར་འགོད་པས་ཨ་རིའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བ་ལྟར་ཡུ་རོབ་ཀྱི་ངོས་ནས་དེ་ལྟར་གནང་ཐུབ་མིན་དྲི་བ་གཏོང་སྐབས། བོད་དོན་ལ་ཆབ་སྲིད་རྒྱབ་སྐྱོར་བྱེད་ཚུལ་ཐད་ཡུ་རོབ་རྒྱལ་ཁབ་རྣམས་ཨ་རིའི་རྗེས་སུ་ལུས་ཡོད་པ་བདེན་ཡང་། ཕྱོགས་བསྐྱོད་འདིར་བོད་དོན་སྐོར་རྒྱུས་ལོན་གཏིང་ཟབ་བྱུང་བས་ཁོང་རྣམས་རང་ཡུལ་དུ་འབྱོར་རྗེས་ཕྱག་སྦྲེལ་རྣམས་དང་གྲོས་མོལ་གྱིས་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོར་གཏོང་ཕྱོགས་ལ་འབད་རྩོལ་ཞུ་རྒྱུ་ཡིན་སྐོར་སོགས་ལན་འདེབས་གནང་ཡོད་པ་རེད།
ཐེངས་འདིའི་གྲོས་ཚོགས་འཐུས་མི་རྣམས་ནས་བཞུགས་སྒར་དུ་མ་ཕེབས་སྔོན་ལྡི་ལིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་གཙོས་པའི་རྒྱུན་ལས་རྣམ་པ། དེ་བཞིན་སྲིད་ཚབ་དང་། བདེ་སྲུང་བཀའ་བློན། ཕྱི་དྲིལ་བཀའ་བློན་བཅས་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད། གཞན་ཡང་བཞུགས་སྒར་ཁུལ་གྱི་སྨན་རྩིས་ཁང་སོགས་སུ་ཚོགས་སྡེ་སོ་སོའི་ལས་དོན་བྱེད་ཕྱོགས་དང་དམིགས་ཡུལ་སོགས་ཀྱི་སྐོར་རྒྱུས་ལོན་ཞུས་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།