༄༅།  བྱང་ཨ་རི་༧སྐུ་ཚབ་དོན་གཅོད་ཁང་དང། བོད་ཀྱི་ཐེབས་རྩ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ བོད་ཡིག་སྒྲུང་དཔེ་ཀློག་རྩལ་འགྲན་བསྡུར་།

 ཨ་མེ་རི་ཀ་ནི་ཡོངས་གྲགས་སུ་ (Melting Pot) ཞེས་ལུགས་བརྒྱབ་སའི་ལུགས་གོང་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་ལུགས་གོང་ནང་གསེར་དངུལ་ཟངས་ལྕགས་མཉམ་དུ་མེར་བསྲེགས་བཏང་ན་རང་མདོག་དོན་རྒྱུ་མེད་པ་ཇི་བཞིན་བྱང་ཨ་མེ་རི་ཀའི་ནང་དུ་གཏན་སྡོད་གཞིས་ཆགས་ཀྱི་ཆེད་ཡོང་བ་རྣམས་མཐའ་མ་རང་གི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བརླག་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  འོན་ཀྱང་ཞིབ་འཇུག་ཡག་པོ་བྱས་ན་བྱང་ཨ་རི་ནི་མཐའ་གཅིག་ཏུ་ལུགས་གོང་མིན་ཅིང།   རྒྱ་མི་དང།  རྒྱ་གར་བ།  ཉི་ཧོང་པ།  ཀོ་རི་ཡེན་སོགས་རང་གི་རིག་གཞུང་ལ་བརྩེ་ཞེན་ཆེ་བའི་མི་རིགས་ཇི་སྙེད་ཡུལ་མི་དང་དཔུང་པ་མཉམ་གཤིབ་ཀྱིས་འཚོ་བ་སྐྱེལ་བཞིན་པའི་ངང་རང་རང་གི་སྐད་ཡིག་དང་གོམས་གཤིས་མི་ཉམས་རྒྱུན་འཛིན་བྱེད་བཞིན་པར་བརྟེན་བོད་མི་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་ཐུབ་རྒྱུ་ཡིན་པར་ཡིད་ཆེས་ཀྱིས་ད་ཕན་༧སྐུ་ཚབ་དོན་གཅོད་ཁང་གི་གཟིགས་རྟོགས་འོག་བོད་མི་གནས་ཡུལ་ས་གནས་གང་སར་བོད་རིགས་སྤྱི་མཐུན་ཚོགས་པ་རེ་བཙུགས་ཡོད་པ་རེད།          ཁེ་ཎ་ཌ་དང་ཨ་རི་གཉིས་ཀྱི་ནང་ད་ལྟའི་ཆར་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་པ་དེ་དག་གིས་ས་གནས་སོ་སོའི་ནང་ལོ་གསར་དང། གསུམ་བཅུའི་དུས་དྲན། ༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན། དེ་བཞིན་ས་ག་ཟླ་བ་དང་དྲུག་པ་ཚེས་བཞི་སོགས་ནང་ཆོས་དང་འབྲེལ་བའི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོ་གོ་སྒྲིག་ཞུ་བ་མ་ཟད།  གཟའ་མཇུག་བོད་ཡིག་སློབ་གྲྭ་བཙུགས་ནས་བུ་ཕྲུག་རྣམས་ལ་བོད་ཡིག་དང་།  །ཁ་འདོན།  གླུ་གར་སོགས་བསླབས་ནས་རང་གི་སྐད་ཡིག་དང་རིག་གཞུང་གཅེས་ཉར་གང་ཐུབ་ཞུ་བཞིན་ཡོད་པ་རེད། དེ་ལྟར་ནའང་བོད་ཕྲུག་མང་པོ་ཞིག་གིས་བོད་སྐད་མི་ཤེས་པ་དང། གཟའ་མཇུག་བོད་ཡིག་སློབ་གྲྭར་འགྲོ་མཁན་གྱི་ཁོངས་སུ་བོད་ཡིག་འབྲི་ཤེས་པ་མ་གཏོགས་ཀློག་མི་ཤེས་པ་མང་པོ་ཡོད་ཅིང། ཐབས་སྐྱོ་བ་ཞིག་ལ་བོད་ཕྲུག་མང་པོས་བོད་གཞས་སྦྱོང་བའི་སྐབས་གཞས་ཚིག་རྣམས་དབྱིན་ཇིའི་ཡིག་གེའི་ནང་བྲིས་ནས་བོད་སྐད་ཐོག་སྒྲ་ཀློག་བྱེད་བཞིན་པ་རེད།

སྐད་ཡིག་གང་དང་གང་ཡིན་ཡང་།  སློབ་སྦྱོང་གི་ཆེད་དུ་དཔེ་དེབ་ཀློག་རྒྱུ་གལ་གནད་ཆེན་པོ་ཡིན་པ་ལྟར་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་བོད་ཡིག་དཔྱིས་ཕྱིན་ཀློག་ཤེས་པ་བྱེད་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེན་པོ་རེད།  དེར་བརྟེན་བྱང་ཨ་རི་༧སྐུ་ཚབ་དོན་གཅོད་ཁང་དང་།  བོད་ཀྱི་ཐེབས་རྩ་ཐུན་མོང་ནས་རང་ལོ་༨ ནས་ ༡༦ བར་གྱི་བོད་ཕྲུག་རྣམས་ཀྱིས་ YouTube ཡཱུ་ཊུཡུབ་དྲ་ལམ་བརྒྱུད་དེ་དུས་ཡུན་སྐར་མ་གཉིས་རིང་སྒྲུང་དཔེ་ཀློག་ནས་བོད་ཡིག་ཀློག་རྩལ་འགྲན་བསྡུར་བྱེད་རྒྱུའི་དམིགས་བསལ་གོ་སྐབས་ཤིག་སྐྲུན་ཡོད།

འགྲན་བསྡུར་འདིར་ལོ་ཚད་ལ་གཞིགས་པའི་ཚན་པ་གཉིས་བཟོས་པ་ནི།  རང་ལོ་ ༨ ནས་ ༡༢ བར་དང་།  ༡༣ ནས་ ༡༦ བར་ཡིན། ༢༠༡༧ ཕྱི་ཟླ་གསུམ་པའི་ནང་ཐེངས་འདིའི་བོད་ཡིག་ཀློག་རྩལ་འགྲན་བསྡུར་གསལ་བསྒྲགས་བྱས་པའི་རྗེས་ཨ་རི་དང་ཁེ་ཎ་ཌ་རྒྱལ་ཁབ་གཉིས་ནས་ཁྱོན་བསྡོམས་བུ་ཕྲུག་༡༥༨ ནས་དེབ་སྐྱེལ་བྱས་ཡོད།

དེབ་སྐྱེལ་བྱས་པའི་བོད་ཕྲུག་ཡོངས་རྫོགས་ལ་དྲྭ་ལམ་བརྒྱུད་སློབ་ཕྲུག་སོ་སོའི་ལོ་ཚད་ལ་གཞིགས་པའི་སྒྲུང་གཏམ་བདུན་རེ་ཡོད་པའི་སློབ་དེབ་རེ་དྲྭ་ལམ་ནས་བཏང་བ་ཡིན།  སློབ་ཕྲུག་རྣམས་ནས་སྒྲུང་དཔེ་དེ་དག་ཟླ་བ་གཉིས་དང་ཕྱེད་ཀའི་རིང་ཀློག་བཅུག་པ་ཡིན།  དེ་རྗེས་ང་ཚོས་སླར་ཡང་སྔོན་ལ་བཏང་པའི་སྒྲུང་དེབ་ནས་དུས་ཡུན་སྐར་མ་གཉིས་ལས་མི་རིང་བ་སློབ་ཕྲུག་རྒན་པའི་སློབ་དེབ་ནས་སྒྲུང་ཐུང་གཅིག་དང། ཆུང་བའི་སློབ་དེབ་ནས་སྒྲུང་ཐུང་གཅིག་འདེམས་སྒྲུག་བྱས་ཏེ་དྲྭ་ལམ་ཐོག་ནས་བཏང་བ་ཡིན།

སྒྲུང་ཐུང་འབྱོར་འཕྲལ་སློབ་ཕྲུག་དོ་བདག་སོ་སོས་ཀློག་བཞིན་པ་ཕ་མའམ་དགེ་རྒན་གྱིས་བརྙན་ཕབ་བཟོས་ཏེ།  ཡཱུ་ཊཱུ་ཡུབ་བརྙན་དཔར་གྱི་དྲྭ་ལམ་སྦྲེལ་ཐག་ཐོག་ཕྱི་ཟླ་དྲུག་པའི་ཚེས་ ༡༠ ནང་ཚུད་བོད་ཀྱི་ཐེབས་རྩར་བཏང་འབྱོར་ཐུབ་པའི་ཆ་རྐྱེན་སྐྲུན་པ་ལྟར་རྒན་པའི་ཁོངས་ནས་སློབ་ཕྲུག་ ༤༥ དང་ཆུང་བའི་ཁོངས་ནས་ ༥༧ བསྡོམས་སློབ་ཕྲུག་ ༡༠༢ ནས་གློག་བརྙན་བཏང་འབྱོར་བྱུང།

གློག་བརྙན་དེ་དག་ལ་བཤེར་དཔང་མཁས་དབང་མདོ་སྨད་སྤྱི་འཐུས་ཟུར་པ་ཧོར་གཙང་འཇིགས་མེད་ལགས་དང།  ཀུན་ཕན་ཐེབས་རྩའི་ལས་འཆར་བཀོད་སྡོམ་པ་བསྟན་འཛིནདགེ་ལེགས་ལགས།  རྩོམ་པ་པོ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་གསུམ་གྱི་ཐོག་ནིའུ་ཇར་སི་སློབ་ཕྲུག་རྣམས་ཀྱི་བརྙན་ཕབ་ལ་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས་བཅས་ནས་ཀློག་བཟང་ལོས་དང།   སྒྲ་དག་ལོས།   ཚིག་མཚམས་གཅོད་སྟངས།  རྣམ་འགྱུར་ཡག་ལོས་བཅས་ལ་ཞིབ་མཇུག་གིས་ཨང་གྲངས་སྤྲད་པ་དེ་རིང་ང་ཚོས་ཕྱོགས་བསྡོམས་ཞུས་པའི་མཇུག་འབྲས་སུ་སློབ་ཕྲུག་རང་ལོ་༨ ནས་ ༡༢ ལོན་པའི་སྡེ་ཚན་ནང།

  1. བསྟན་འཛིན་ཀུན་གསལ།             མིནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  2. ཚེ་སྐྱིད་ཚུལ་ཁྲིམས།             ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  3. པདྨ་ཆོས་སྒྲོན་བཀྲིས།             ཁོ་ནཱེ་ཊི་ཀཊི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  4. ངག་དབང་ཚེ་རིང།             ཁེ་ཎ་ཌ།  ཨལ་བྷ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  5. མཛེས་གསལ་ལྷ་མོ།             མིནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།

 

རྒན་པ་རང་ལོ་༡༣ ནས་ ༡༦ ལོན་པའི་སྡེ་ཚན་ནང།

  1. དགེ་ཆོས་ལྷ་མོ།                                    ཁོནཱེ་ཊི་ཀ་ཊི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  2. བསྟན་འཛིན་ཚེ་སྐྱིད་ཐོགས་མེད། ཁོ་ནཱེ་ཊི་ཀཊི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  3. བསྟན་འཛིན་ཚེ་སྒྲུབ་བློ་གྲོས། ཝིར་ཇི་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  4. བསྟན་འཛིན་དབྱངས་ཅན། མིནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།
  5. ཀརྨ་ཚེ་རིང་མཚོ། མིནིསོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས།

བཅས་ལ་བྱ་དགའ་ཨ་སྒོར་ ༡༠༠ རེ་དང། འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ཚང་མར་ལག་ཁྱེར་གནང་རྒྱུ་ཡིན་པ་མ་ཟད།    ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའམ་ཚོགས་སྡེ་གང་ཞིག་གི་ཁོངས་ནས་ཀློག་རྩལ་གྲུབ་འབྲས་རྩེར་སོན་པ་བཅུའི་ནང་དུ་སློ་ཕྲུག་གཉིས་སམ་དེ་ལས་མང་བ་ཚུད་ཡོད་ན་ཚོགས་པ་དེ་ལ་དམིགས་བསལ་བྱ་དགའ་ཨ་སྒོར་་༡༠༠༠ རེ་ཐོབ་རྒྱུའི་གསལ་བསྒྲགས་སྔོན་སོང་བཞིན་མིནིསོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས་ནས་སློབ་ཕྲུག་བཞི་དང།་  ཁོ་ནཱེ་ཊི་ཀཊི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས་ནས་སློབ་ཕྲུག་གསུམ་བཅས་ཀློག་རྩལ་གྲུབ་འབྲས་རྩེར་སོན་པ་བཅུའི་ནང་ཚུད་འདུག་པར་བསྔགས་བརྗོད་ཞུ་རྒྱུ་དང།

གོང་གསལ་ཀློག་རྩལ་རྩེར་སོན་པ་སློབ་ཕྲུག་བཅུ་དང།  སྤྱི་མཐུན་ཚོགས་པ་གཉིས་ཀྱི་བྱ་དགའི་ཐད་༢༠༡༧ ཕྱི་ཟླ ༧ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཆེད་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཀྱི་ཐེབས་རྩ་ཐུན་མོང་ནས་ཞོ་སྟོན་གོ་སྒྲིག་ཞུས་པའི་མཛད་སྒོའི་སར་༧སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ནས་གནང་རྒྱུ་ཡིན་ན་དེ་ཉིན་ངོ་ཕེབས་ཐུབ་ན་རབས་དང་དེ་མིན་ནིའུ་ཡོག་དང་ནིའུ་ཇར་སི་མངའ་ཁུལ་འབྲེལ་ཡོད་སྤུན་གྲོགས་སུ་རུང་ནས་ངོ་ཚབ་དགོས་མངགས་ཡོང་བ་ཞུ་རྒྱུ་དང།        ཕེབས་མ་ཐུབ་པ་རྣམས་ལ་སྦྲགས་ཐོག་ཕུལ་ཆོག་པ་བཅས་དགོངས་འཇགས་ཞུ།   བོད་ཀྱི་ཐེབས་རྩ་ཁང་ནས།   ༢༠༡༧  ཟླ་ ༦

ཚེས་ ༢༢ ལ།།