༢༠༡༥ ལོར་འབྲི་རུ་རྫོང་དུ་རང་ལུས་མེར་སྲེག་གི་གནས་ཚུལ་ད་ལྟ་གཞི་ནས་ཕྱི་རུ་ཐོན་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་རྫོང་ཁག་གསུམ་ཏེ། འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་བཅས་ལ་དམིགས་བསལ་གྱི་དམ་དྲག་ཤུགས་ཆེན་བྱས་ཏེ་ཕྱི་ནང་གི་གནས་ཚུལ་ཡར་མར་ཤིན་ཏུ་འཕྲོད་དཀའ་བར་བརྟེན། འབྲི་རུ་རྫོང་དུ་ཕྱི་ལོ་༢༠༡༥ ལོར་རྒྱ་ནག་ལ་ངོ་རྒོལ་གྱིས་རང་ལུས་མེར་བཏང་བའི་གནས་ཚུལ་ཞིག་ལོ་ལྔའི་རྗེས་ཏེ། ༢༠༢༡ ལོར་གཞི་ནས་ཕྱི་ལོགས་སུ་ཐོན་ཐུབ་པ་བྱུང་འདུག 

ཕྱི་ཟླ་༡ ཚེས་༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དེ་གར་“ཁུངས་ལྡན་གནས་ཚུལ་འབྱོར་”བའི་ནང་། རང་ལོ་༢༦ ལ་སོན་པའི་བོད་མི་ཤུར་མོ་ཟེར་བ་ཞིག་གིས་༢༠༡༥ ལོར་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ནང་དུ་གསལ་བ་ལྟར་ན། ཁོང་གིས་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༧ ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་འབྲི་རུ་རྫོང་ཤག་ཆུ་ཁའི་སྤྱི་འཁོར་འབབ་ཚུགས་ཤིག་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གིས་བོད་ཐོག་ཏུ་འཛིན་པའི་དྲག་པོ་དང་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག 

འབྲི་རུ་རྫོང་ཤག་ཆུ་ཁ་ནས་ཡིན་པའི་ཤུར་མོས་རང་ལུས་མེར་སྲེག་གཏོང་བའི་སྐབས། ཁོང་རང་ལོ་༢༦ ཙམ་ཡིན་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་བཏང་མ་ཐག་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཤག་ཆུ་ཁའི་ས་གནས་སྨན་ཁང་དུ་ཁྱེར་ཡང་སྐུ་ཚེ་མ་ཟིན་པར་ཉིན་དེ་རང་ལ་སྐུ་གྲོངས་ཡོད་འདུག 

ས་གནས་ཉེན་རྟོག་པས་ཤུར་མོའི་གནད་དོན་དང་འབྲེལ་བའི་ཐོག་ནས་ཁོང་གི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཡོད་འདུག་ན་ཡང་། ཁོང་ཚོར་ཅི་ཞིག་བྱུང་བ་དང་། ད་ལྟའི་གནས་སྟངས་ཇི་ཡིན་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག 

ཤུར་མོས་རང་ལུས་མེར་སྲེག་བཏང་བ་དེ། དེར་ཡོད་ཀྱི་བོད་མི་མང་པོས་དངོས་སུ་མཐོང་ཡོད་ནའང་། རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་པར་བརྟེན་ནས་གནས་ཚུལ་དེ་ད་བར་དུ་ཕྱིར་བསྒྲགས་བྱེད་མ་ཐུབ་པར་ལུས་ཡོད་འདུག 

འབྲི་རུའི་གླུ་བ་ལྷུན་གྲུབ་གྲགས་པས་ཕྱི་ལོ་༢༠༡༩ ལོར་<<ཞྭ་མོ་ནག་པོ་>>ཞེས་པའི་གླུ་གཞས་ཤིག་བཏང་ནས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཁྲིམས་ལུགས་ཀྱི་ཐོབ་ཐང་མ་སྤྲད་པར་ལོ་གཅིག་ལྷག་ཙམ་རིང་བཀག་ཉར་བྱས་རྗེས། ༢༠༢༠ ལོའི་ཕྱི་ཟླ་༦ པའི་ནང་ཁོང་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། 

དེ་བཞིན། རྒྱ་ནག་གཞུང་གིས་ལོ་སྔོན་མའི་ཕྱི་ཟླ་༦ པར་འབྲི་རུ་རྫོང་ཆགས་རྩེ་ཤང་ནས་ཡིན་པའི་བསྟན་འཛིན་ཐར་པ་དང་། ཁོང་གི་ཞང་པོའི་བུ་མོ་ལྷ་མོ་གཉིས་རྒྱ་གར་དུ་སྒོར་མོ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ལྷ་མོ་ལ་འདྲི་གཅོད་དང་རྒྱག་རྡུང་གི་མནར་གཅོད་འོག་ནས་གྲོངས་ཡོད། 

རྒྱལ་སྤྱིའི་འགྲོ་བའི་ཐོབ་ཐང་ཉམས་ཞིབ་པ་ཚོས་འབྲི་རུ་རྫོང་དེ་ནི་འཛམ་གླིང་གི་ས་ཆ་དམ་དྲག་ཆེ་ཤོས་སམ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།