༢༠༢༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འཛམ་གླིང་ཟས་རིགས་ཚོགས་པར་ཐོབ་འདུག 

དེ་རིང་སྟེ་ཕྱི་ཟླ་༡༠ ཚེས་༩ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་པ་སྟེ། འཛམ་གླིང་ཟས་རིགས་ཚོགས་པ་(World Food Proggramme) ལ་ཕུལ་བ་ཡིན་པའི་གསལ་བསྒྲགས་སྤེལ་འདུག 

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གཞུང་འབྲེལ་གསལ་བསྒྲགས་སུ། “ད་ལྟ་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེད་དང་། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དགོས་པ་དེ་དུས་གང་ལས་ཀྱང་གལ་འགངས་ཆེ་བ་གསལ་པོ་ཆགས་ཡོད། ནོ་ཝེ་ཡི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་༢༠༢༠ ལོའི་ཞི་བདེའི་གཟེངས་རྟགས་དེ་འཛམ་གླིང་ཟས་རིགས་ཚོགས་པར་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན། དེའི་རྒྱུ་མཚན་ནི་ཚོགས་པ་དེས་བཀྲེས་ལྟོགས་ལ་གདོང་ལེན་བྱེད་པའི་འབད་བརྩོན་དང་། རྩོད་རྙོག་གིས་མནར་བའི་ས་ཁུལ་ཁག་ཏུ་ཞི་བདེའི་མཐུན་རྐྱེན་བཟང་དུ་གཏོང་བར་གཞོགས་འདེགས། དེ་བཞིན་བཀྲེས་ལྟོགས་དམག་འཁྲུག་དང་རྩོད་རྙོག་གི་ལག་ཆར་བཀོལ་བ་ལ་འགོག་རྐྱེན་གཙོ་བྱས་པ་བཅས་ཀྱིས་ཡིན་”ཞེས་བཀོད་འདུག 

ཞི་བདེའི་གཟེངས་རྟགས་འཛམ་གླིང་ཟས་རིགས་ཚོགས་པར་ཐོབ་པ་ཕྱིར་བསྒྲགས་བྱུང་རྗེས། ཚོགས་པ་དེའི་མགྲིན་ཚབ་པས་“དེ་ནི་སྤོབས་པ་ལྡན་པའི་སྐད་ཅིག་ཅིག་”ཡིན་ཚུལ་བརྗོད་འདུག 

འཛམ་གླིང་ཟས་རིགས་ཚོགས་པས་ཚོད་དཔག་བྱས་པ་ལྟར་ན། ཚོགས་པ་དེས་ལོ་གཅིག་ལ་རྒྱལ་ཁབ་ ༨༨ ནང་དུ་ཡོད་པའི་མི་མང་ས་ཡ་ ༩༧ ཙམ་ལ་རོགས་རམ་བྱེད་ཀྱི་ཡོད་འདུག 

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་དབུ་འཛིན་བྷ་ར་ཋ་(Beri Reiss-Andersen)ཡིས་“ད་ལོའི་གཟེངས་རྟགས་འདི་ལ་བརྟེན་ནས་ང་ཚོས་འཛམ་གླིང་གི་མིག་ཟུང་བཀྲེས་ལྟོགས་ཀྱིས་མནར་བའམ། བཀྲེས་ལྟོགས་ཀྱི་ཉེན་ཁར་འཕྲད་པའི་སྐྱེ་བོ་ས་ཡ་མང་པོའི་ཕྱོགས་སུ་སྒྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག 

ད་ལོའི་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ཁྲོད་མི་སྒེར་ ༢༡༡ དང་ཚོགས་པ་ ༡༠༧ ཙམ་བྱུང་འདུག འོན་ཀྱང་། ནོ་སྦེལ་ཐེབས་རྩའི་སྒྲིག་གཞིའི་འོག འོས་གཞི་སུ་དང་གང་བྱུང་མིན་དེ་ལོ་ ༥༠ རྗེས་སུ་བར་ཕྱིར་བསྒྲགས་བྱེད་མི་ཆོག་པས། གསལ་བསྒྲགས་སྔོན་གྱི་ཚོད་དཔག་གང་བྱུང་ཚང་མ་“ཚོད་དཔག་རང་ཡིན་”ཞེས་བཤད་འདུག 

ནོ་སྦེལ་གཟེངས་རྟགས་ནི་འཛམ་གླིང་སྟེང་གི་གཟི་བརྗིད་དང་། ཆེ་མཐོང་ཆེ་ཤོས་ཀྱི་གཟེངས་རྟགས་དེ་ཆགས་ཡོད་པ་དང་། དེ་ནི་སུའུ་ཌན་གྱི་གསར་གཏོད་པ་ཆེན་པོ་ཨལ་ཧྥ་ཊི-ནོ་སྦེལ་(Alfred Nobel)གྱི་ཞལ་ཆེམས་ལྟར་འགོ་ཚུགས་པ་ཞིག་ཡིན་ཞིང་། གཟེངས་རྟགས་ཐོག་མ་དེ་ཕྱི་ལོ་༡༩༠༡ སྟེར་འགོ་བརྩམས་ཡོད། 

ནོ་སྦེལ་གཟེངས་རྟགས་ནི། ལོ་རེ་རེའི་ནང་ལས་རིགས་མི་འདྲ་བ་འགའི་ཐོག་ནས“འགྲོ་བ་མིའི་རིགས་ལ་ཕན་རླབས་ཆེ་ཤོས་སྐྲུན་མཁན་གྱི་མི་སྣ་དག་”ལ་འབུལ་བ་དང་། གཟེངས་རྟགས་ཐོབ་མཁན་རྣམས་ལ་དངོས་པོ་གསུམ་སྟེ། ནོ་སྦེལ་གྱི་ལག་ཁྱེར་གཅིག་དང་། རྟགས་མ་གཅིག དེ་བཞིན་དངུལ་བཅས་འཐོབ་ཅིང་། གལ་སྲིད་གཟེངས་རྟགས་གཅིག་མི་གཉིས་སམ་གསུམ་ལ་ཐོབ་ན། གཟེངས་རྟགས་ཀྱི་དངུལ་བགོ་བཤའ་རྒྱག་པ་དང་། དངུལ་ལེན་པ་ལ་ངེས་པར་གཏམ་བཤད་ཅིག་སྤེལ་དགོས། 

ནོ་སྦེལ་གཟེངས་རྟགས་ཀྱི་འགོ་ཚུགས་པ་ནས་བཟུང་། གཟེངས་རྟགས་མ་སྤྲད་པའི་ལོ་འགའ་ཤས་བྱུང་བ་དེ་གཙོ་བོ་འཛམ་གླིང་དམག་ཆེན་གཉིས་ཀྱི་སྐབས་སུ་བྱུང་ཡོད། 

དེ་མིན་ད་དུང་ནོ་སྦེལ་ཐེབས་རྩའི་སྒྲིག་གཞིའི་ནང་། གལ་སྲིད་ལོ་གཅིག་ལ་ལས་རིགས་ངེས་ཅན་གཅིག་གི་ནང་དུ་གཟེངས་རྟགས་འོས་པའི་མི་གཅིག་ཀྱང་མ་བྱུང་བ་ཡིན་ན། ལོ་དེའི་གཟེངས་རྟགས་མ་སྤྲད་པར་ཉར་ནས་གཟེངས་རྟགས་ཀྱི་སྒོར་མོ་ལོ་རྗེས་མ་སྤྲད་ཆོག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།