༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས།

དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ལས་འགུལ་འགོ་བཙུགས་ཆོག་པའི་གསལ་བསྒྲགས་གནང་སོང་། 

དེ་རིང་སྔ་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བསྡུས་པའི་གསར་འགོད་ལྷན་ཚོགས་སྟེང་། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་གཉིས་དང་། དེ་བཞིན་སྐབས་བཅུ་བདུན་པའི་སྤྱི་འཐུས་འོས་གཞི་རྣམས་ཕྱིར་བསྒྲགས་བྱས་པ་དང་སྦྲགས། དངོས་གཞིའི་འོས་བསྡུའི་ལས་འགུལ་དངོས་སུ་འགོ་བརྩམས་ཆོག་པ་དང་འོས་བསྡུའི་སྒྲིག་སྲོལ་རྣམས་བསྒྲགས་སོང་། 

ལོ་སྔོན་མའི་ཕྱི་ཟླ་༩ པའི་ནང་དབུས་འོས་བསྡུ་ལས་ཁུངས་ནས་༢༠༢༡ ལོའི་“སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་”བྱས་པ་ལྟར། དེ་རིང་དབུས་འོས་བསྡུ་ལས་ཁུངས་ནས་སྤེན་པ་ཚེ་རིང་དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་གཉིས་ཀྱི་མཚན་དང་མཚོན་རྟགས་དངོས་སུ་ཕྱིར་བསྒྲགས་བྱས་སོང་། 

༢༠༢༡ ལོའི་སྔོན་འགྲོའི་འོས་བསྡུའི་ཆེན་མོའི་ནང་། ཨང་དང་པོ་སྤེན་པ་ཚེ་རིང་ལ་འོས་༢༤༤༨༨ དང་། ཨང་གཉིས་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་༡༤༥༤༤ ཐོབ་པས། ཁོང་གཉིས་སྲིད་སྐྱོང་གི་འོས་གཞིར་གྱུར་ཡོད། 

འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧ ནང་གསེས་༤ པའི་ཀ་པའི་ནང་གསལ་བ་ལྟར། དབུས་འོས་བསྡུ་ལས་ཁང་ནས་ཆོལ་ཁ་རེ་ནས་འོས་མི་༢༠ རེ་ཡོད་པའི་ཐོག་དབུས་གཙང་སྤྱི་འཐུས་དང་བླངས་འོས་མི་༣ མདོ་སྟོད་སྤྱི་འཐུས་དང་བླངས་འོས་མི་༡། ཆོས་བརྒྱུད་ལྔ་དང་། ཡུ་རོབ་དང་ཨ་ཕི་རི་ཀ་བཅས་ནས་འོས་གཞི་༤ རེ། ལྷོ་བྱང་ཨ་རི་ནས་འོས་ཐོབ་གྲངས་༤ ཐོག་ལ་དང་བླངས་བ་༡། ཨོ་སི་ཁྲུ་ལི་ཡའི་ཐོབ་ཁུངས་ནས་འོས་གཞི་༣ བཅས་གཏན་འབེབས་བྱས་ཡོད་པ་རེད།

དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཐོན་གྱི་དུས་ཚོད་དེ་ཕྱི་ཟླ་༤ ཚེས་༡༡ ཉིན་ཞོགས་པའི་ཆུ་ཚོད་ ༨ པ་ནས་ཕྱི་དྲོའི་ཆུ་ཚོད་༥ བར་གཏན་འབེབས་བྱས་འདུག་པ་དང་། འོས་བསྡུའི་གྲུབ་འབྲས་དེ་ཕྱི་ཟླ་༥ ཚེས་༡༤ ཉིན་ཕྱིར་བསྒྲགས་བྱེད་རྒྱུའི་གཏན་འབེབས་བྱས་འདུག

སྲིད་སྐྱོང་འོས་མི། 

སྤྱི་འཐུས་འོས་མི།

གསར་འགོད་པ་དཀོན་མཆོག་རབ་བརྟན།