༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་པའི་ནན་སྐུལ་གནང་སོང་།
དེ་སྔོན་ཚོགས་པ་༡༦༠ ལྷག་གིས་ནན་སྐུལ་དང་དགོས་འདུན་ཞུ་གཏུག་རིམ་པ་སྤེལ་མིན་ལ་མ་ལྟོས་པར། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་དེ་རྒྱ་ནག་ཏུ་འཚོག་རྒྱུའི་ཐག་གཅོད་ཕྱིར་འཐེན་བྱས་མེད་པས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ཚོས་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་གྱིས་མཉམ་ཞུགས་མི་གནང་བའི་ནན་སྐུལ་གནང་སོང་བ་དང་། ལས་འགུལ་ཡང་རིམ་པར་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།
ཟླ་༢ པའི་ཚེས་༣ ཉིན་རྡ་ས་མེག་གྷན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས། ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་པེ་ཅིང་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་སོང་།
དེ་ཡང་ལོ་སྔོན་མའི་ཟླ་༩ པའི་ནང་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན། རྒྱ་ནག་བཅས་ལས་འགུལ་བའི་ཚོགས་པ་༡༦༠ ཡིས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་མཐོང་རྒྱུ་མེད་རྐྱེན། ཨོ་རྩལ་འགྲན་ཚོགས་ཀྱི་ལྟ་བ་ལངས་ཕྱོགས་དང་མཐུན་གྱི་མེད་པས། འགྲན་ཚོགས་དེ་རྒྱ་ནག་ལ་གོ་སྒྲིག་བྱེད་དུ་མི་འཇུག་པའི་རེ་འབོད་ཀྱི་ཞུ་ཡིག་སྤྲད་ནས། རྗེས་སུ་ཨོ་རྩལ་ལྷན་ཚོགས་དང་ལས་འགུལ་བའི་ཚོགས་པ་ཁག་གི་སྐུ་ཚབ་བར་དྲ་ཐོག་བརྒྱུད་གྲོས་མོལ་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་ཀྱང་། ལྷན་ཚོགས་ཀྱིས་རྒྱ་ནག་ནས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་བྱེད་རྒྱུའི་དགོས་འདུན་ལ་ཁས་ལེན་བྱས་མེད་པས། ཐེངས་འདིར་རྒྱ་ནག་ཏུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འཚོག་རྒྱུར་ལོ་ངོ་༡ ཡོད་པ་དང་བསྟུན་ནས། རྒྱལ་སྤྱིའི་ནང་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན། རྒྱ་ནག་བཅས་ལས་འགུལ་བའི་ཚོགས་པ་༡༨༠ ལས་མང་བས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ལ་ཞུ་གཏུག་གི་ཞུ་ཡིག་ཕུལ་ནས། ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་མི་གནང་བའི་ནན་སྐུལ་བྱེད་རྒྱུ་ཡིན་པ་དང་། རིམ་པས་ལས་འགུལ་སྤེལ་རྒྱུ་ཡིན་འདུག
དེ་ཡང་ཐེངས་འདིར་གསར་འགོད་བསྒྲགས་གཏམ་མཇུག་བསྒྲིལ་རྗེས། མེག་གྷན་གྱི་ཁྲོམ་དཀྱིལ་དུ་ཨོ་རྩལ་འགྲན་ཚོགས་ཀྱི་མཚོན་རྟགས་མཚོན་མདོག་འདྲ་མིན་ལྔ་ཡོད་པའི་སྒོར་དབྱིབས་རེའི་ནང་དུ། ཁྲག་གི་མཚོན་མདོག་ལྡན་པའི་མིའི་འདྲ་གཟུགས་རེའི་སྐེ་གནམ་བཏགས་བྱས་པ་ཞིག་སྒྲིག་འཇོག་བྱས་སོང་། འདྲ་གཟུགས་དེ་དག་གི་ཐོག་ཏུ་བོད་དང་། ཐའེ་ཝན། ཧོང་ཀོང་། ལྷོ་སོག ཤར་ཏུར་ཀི་བཅས་བྲིས་པའི་ཡི་གེ་སྦྱར་འདུག
དེ་ཡང་གསར་འགོད་བསྒྲགས་གཏམ་ནང་དུ་འཁོད་གསལ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔས་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་དང་བཙན་གནོན་གྱི་བྱ་སྤྱོད་ལ་རྒྱལ་སྤྱིའི་ངོ་རྒོལ་ལས་འགུལ་བའི་ཚོགས་པ་གྲངས་༡༨༠ ལས་མང་བའི་འཐུས་མི་བོད་རིགས་དང་། ཡུ་གུར་བ། ཧོང་ཀོང་བ། ལྷོ་སོག་པོ། ཐའེ་ཝན་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་བཅས་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལས་འཛིན་རྣམ་པས་བསྐྱར་དུ་རྒྱ་ནག་ནང་རྒྱལ་སྤྱིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུའི་ཐག་གཅོད་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་གྱི་ཡོད། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་སྣེ་ལེན་བྱེད་དུ་འཇུག་པ་དེ་ནི་རྒྱ་ནག་དམར་གཞུང་གི་བཙན་འོག་དུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རྩ་གཏོར་དང་མི་མང་སྡེབ་གསོད་ཀྱི་བྱ་སྤྱོད་ལ་བསམ་ཤེས་མ་བྱས་པ་ཞིག་དང་། བཙན་གནོན་ཅན་གྱི་རྒྱལ་ཁབ་རྒྱ་ནག་དམར་པོའི་སྲིད་གཞུང་དེ་ཁྲིམས་མཐུན་ཞིག་ཡིན་པར་ངོས་འཛིན་བྱས་པ་དང་མཚུངས་ཤིང་། ད་ལྟ་རྒྱ་ནག་དམར་གཞུང་གི་བཙན་འོག་ཏུ་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་ཆེས་དྲག་གནོན་གདུག་རྩུབ་ཀྱིས་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་དང་། རྒྱ་དམར་གྱི་བཙན་བཟུང་འོག་ཏུ་ཡོད་པའི་བོད་དེ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཚད་དམའ་ཤོས་ཤིག་ཡིན་པ་མ་ཟད། རྒྱ་གཞུང་གི་བོད་མིའི་ཐོག་ཆེས་གདུག་རྩུབ་དང་མནར་གཅོད་ཀྱི་བྱ་སྤྱོད་ལ་བརྟེན་ཕྱི་ལོ་༢༠༠༩ ནས་ད་བར་བོད་ནང་གྲྭ་བཙུན་དང་མི་སྐྱ་ཕོ་མོ་རྒན་གཞོན་གྲངས་༡༥༧ ཙམ་གྱིས་རང་ལུས་མེར་སྲེག་བཏང་གནང་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་ཕལ་ཆེ་བ་འདས་གྲོངས་སུ་གྱུར་ཡོད། ཉེ་བའི་ཆར་ཡང་དགེ་འདུན་པ་ལོ་ན་༡༩ ཅན་ཞིག་གིས་ཞི་བའི་ངོ་རྒོལ་བྱས་པ་ཙམ་གྱིས་རྒྱ་གཞུང་གི་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་ནས་དམར་གསོད་བཏང་ཡོད་པ་ནི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་གི་གནས་སུ་གྱུར་ཡོད་པ་ཚང་མས་ཤེས་གསལ་ཡིན་མོད། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་། བོད་དོན་རྒྱབ་སྐྱོར་བ་དྲང་བདེན་ལ་དགའ་བའི་སྲིད་གཞུང་ཁག་གི་དཔོན་རིགས་རྣམས་ནས་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པའི་འགན་འཛིན་ཚོར་ཞུ་གཏུག་གིས་ཕྱི་ལོ་༢༠༢༢ ལོར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་མི་ཚོགས་པའི་འབོད་སྐུལ་བྱས་ཡོད་ནའང་དེ་དག་སྣང་མེད་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་བཟུང་དུ་ཡོད་པའི་བོད་མི་གཙོས། མི་རིགས་གཞན་རྣམས་ལ་གདུག་རྩུབ་མནར་གཅོད་མྱོང་བཞིན་པར་རྒྱ་ནག་ནང་དགུན་ཁའི་ཨོ་རྩལ་འགྲན་རྩེད་ཚུགས་རྒྱུའི་ཐག་གཅོད་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་དང་དེའི་མཇུག་འབྲས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་འགན་འཛིན་པས་འགན་འཁུར་དགོས་པའི་ནན་སྐུལ་བྱེད་རྒྱུ་ཡིན། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་བོད་ཙམ་མ་ཟད་རྒྱལ་ཁབ་གཞན་གྱི་ནང་བཙན་བཟུང་དང་རྒྱ་སྐྱེད་བྱེད་འཆར་གྱི་ཆེད་བོད་གཙོས་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་དོན་གཉེར་བ་རྣམས་ལ་སྔར་ལས་དྲག་གནོན་ཇེ་ཆེར་གཏོང་གི་ཡོད་པ་མ་ཟད། ཡུ་གུར་དང་། ཤར་ཏུར་ཀི་སི་ཏན་གྱི་མི་སེར་ས་ཡ་༡.༨ ནས་ས་ཡ་༣ ཙམ་ལ་སློབ་གསོའི་མིང་ཐོག་ཉེས་མེད་བཀག་ཉར་ནང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ། ཧོང་ཀོང་དུ་རྒྱལ་སྲུང་གི་ཁྲིམས་གསར་པ་ཟེར་བའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ན་གཞོན་དང་། ཤེས་ཡོན་ཅན་རྣམས་ལ་དྲག་གནོན་གྱི་འཛིན་བཟུང་བཀག་བསྐྱིལ་བྱས་དང་བྱེད་མུས་དང་། ལྷོ་སོག་པོའི་མི་རིགས་ཀྱི་སྐད་དང་རིག་གཞུང་རྩ་མེད་བཟོ་བཞིན་པ། ཐའེ་ཝན་ལའང་ས་མཚམས་ཀྱི་དཀའ་ངལ་སྤྲད་བཞིན་པ་མ་ཟད་དམག་གི་འཇིགས་སྐུལ་བྱེད་བཞིན་པ། རྒྱ་ནག་དམར་གཞུང་གི་དབང་འོག་ཏུ་ཡོད་པའི་ཁྲིམས་རྩོད་པ་དང་། མང་གཙོ་དོན་གཉེར་བ། རྩ་རླུང་སྒོམ་སྒྲུབ་པ། བུད་མེད་ཐོབ་ཐང་རྩོད་ལེན་པ་རྣམས་དམར་པོའི་སྲིད་གཞུང་ལ་ཉེན་ཁ་ཞིག་མངོན་ནས་འཇིགས་སྐུལ་བཙོན་བཟུང་གིས་གྲངས་ལས་འདས་པ་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད། གོང་གསལ་རྒྱ་ནག་དམར་གཞུང་གི་མནར་གཅོད་ཀྱི་བྱ་སྤྱོད་རྣམས་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པར་གསལ་སྟོན་བྱས་ཀྱང་། ཕྱག་བསྟར་མ་གནང་ཚེ་རྒྱ་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཀྱི་འགན་འཁྲི་ཨོ་རྩལ་འགྲན་ཚོགས་ཀྱི་ད་ལྟའི་ལས་འཛིན་རྣམ་པར་ཡོད་པས་ཉེས་འཛུགས་བྱེད་རྒྱུ་ཡིན། དེ་རིང་ང་ཚོ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཡིས་རྒྱ་ནག་དམར་པོའི་བཙན་གནོན་འོག་སྡུག་སྦྱོང་མྱོང་བཞིན་པ་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ། ལྷོ་སོག་པོ། ཐའེ་ཝན། རྒྱ་ནག་མང་གཙོ་དོན་གཉེར་བ་སོགས་ལས་འགུལ་བ་ཡོངས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་གྱིས་ཕྱི་ལོ་༢༠༢༢ ལོར་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་མཉམ་བཞུགས་མ་གནང་རོགས་ཞེས་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
ལོ་སྔོན་མའི་ཟླ་༡༠ པའི་ནང་དབྱིན་ཡུལ་གྱི་གྲོས་ཚོགས་སུ་རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་(Alicia Kearns) ཡིས། རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་ཕྱི་ལོ་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་མི་བྱེད་པར་ངོ་རྒོལ་བྱས་ཚེ། རྒྱ་ནག་ལ་བརྡ་ལན་ནན་པོ་སྤྲོད་ཐུབ་རྒྱུ་ཡིན་མིན་དྲིས་པར། དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཌོ་མཱི་ནེག་རབ་( Dominic Raab) ཀྱིས་སྤྱིར་བཏང་ཆ་ནས་རྒྱུན་དུ་རྩེད་མོ་དང་ཆབ་སྲིད། ཕྱི་སྲིད་ལས་དོན་བར་དབྱེ་མཚམས་འཇོག་དགོས་པར་བསམ་བློ་གཏོང་མཁན་ཞིག་ཡིན་ཡང་། དེ་འདྲ་བྱེད་ཐབས་བྲལ་བའི་དུས་ཚོད་གཅིག་སླེབས་སྲིད་པས། ལས་དོན་དེ་དང་འབྲེལ་ནས་དབྱིན་ཡུལ་གྱིས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་དུ་དཔང་རྟགས་འཚོལ་སྒྲུབ་དང་མཉམ་ལས་བྱས་ཏེ། མ་འོངས་པར་ད་ལྟའི་ལས་དོན་ལས་ལྷག་པའི་ལས་དོན་སྤེལ་དགོས་པའི་ནང་ཨོ་རྩལ་འགྲན་ཚོགས་ངོ་རྒོལ་བྱེད་དགོས་མིན་ཐད་བསམ་ཞིབ་བྱེད་རྒྱུ་ཡིན་སྐོར་ལན་འདེབས་བྱས་ཡོད་པ་རེད་འདུག
དེ་བཞིན་གསར་འགོད་པའི་དྲི་བ་དང་འབྲེལ་ནས། བོད་མི་མང་སྤྱི་འཐུས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས། རྒྱལ་སྤྱིའི་ཐོག་ནས་ཨོ་རྩལ་ལྷན་ཚོགས་ལ་གནོན་ཤུགས་སླེབས་ཀྱི་ཡོད་པ་གསལ་པོ་ཡིན་པ་དང་། གནོན་ཤུགས་ཇེ་ཆེར་དང་གྲུབ་འབྲས་ཐོན་ཆེད་དུ་གཙོ་བོ་རྒྱ་ནག་གི་འོག་ཏུ་མནར་གཅོད་མྱོང་བཞིན་པ་ཚོས་ལས་འགུལ་ཇེ་ཆེར་སྤེལ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
