༢༠༢༣ ལོའི་ནོ་སྦེལ་གྱི་ཞི་བདེ་སོགས་ཀྱི་གཟེངས་རྟགས་ཁོང་རྣམས་ལ་ཐོབ་འདུག
ཟླ་འདིའི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ལོ་ན་༥༡ ལ་སོན་པའི་ཨེ་རན་གྱི་བུད་མེད་ལས་འགུལ་བ་དང་གསར་འགོད་པ་ཞིག་ལ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༦ ཉིན་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཨི་རན་གྱི་ལས་འགུལ་བ་ནར་རྗེ་སི་མོ་ཧམ་མ་དྷི་(Narges Mohammadi) ་ཞེས་པའི་བུད་མེད་ལས་འགུལ་བ་ཞིག་ལ་ཕུལ་ཡོད་འདུག ཁོང་ནི་དགུང་ལོ་༥༡ སོན་པའི་ཨི་རན་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཞོན་ཆགས་ཡོད་འདུག
འདས་པའི་ལོ་མང་རིང་བུད་མེད་ཀྱི་ཐོབ་ཐང་། འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་དགོས་པ། ལྷག་པར་དུ་ཨི་རན་གྱི་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་ལུགས་མེད་པ་བཟོ་ཆེད་སྔ་ཕྱི་རིམ་པས་ཚགས་ཤོག་ཐོག་རྩོམ་བྲིས་པ་དང་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། ཁོང་ཉིད་བཙོན་འཇུག་ཐེངས་༡༣ བྱས་ཤིང་ཁྲིམས་ཐག་ཐེངས་ལྔ་བཅད་ཡོད་པ་སོགས་ད་བར་ཁྱོན་བསྡོམས་མི་ལོ་༣༡ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་པས་ད་ལྟ་ཡང་ཁོང་ཉིད་བཙོན་ཁང་དུ་ལྷག་ཡོད་འདུག
ཁོང་མོ་ནི་བུད་མེད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༡༩ པ་དང་ཨི་རན་གྱི་བུད་མེད་གཟེངས་རྟགས་བཞེས་མཁན་གཉིས་པ་དེ་ཆགས་ཡོད་པ་མ་ཟད། འདས་པའི་མི་ལོ་༡༢༢ ཡི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་ལོ་རྒྱུས་ཁྲོད་བཙོན་འོག་དང་བཟང་བཙོན་འོག་ཏུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྔ་པ་དེ་ཆགས་ཡོད་འདུག

གཞན་ཡང་ལོ་འདིའི་ནོ་སྦེལ་རྩོམ་རིག་གི་གཟེངས་རྟགས་དེ་ལོ་ན་༦༤ ལ་སོན་པའི་ནོར་ཝེའི་ལྷུག་རྩོམ་དང་ཟློས་གར་རྩོམ་པ་པོ་ཇོན་ཧྥུ་སི་(Jon Fosse) ་ལ་ཕུལ་ཡོད་འདུག ཁོང་གིས་གསར་གཏོད་གནང་བའི་ཟློས་གར་དང་ལྷུག་རྩོམ་དག་གིས་སྨྲ་བརྗོད་མི་ཐུབ་པའི་མི་རྣམས་ཀྱི་སེམས་འདུན་མངོན་པར་བྱས་ཡོད་འདུག རྩོམ་པ་པོ་ཁོང་གིས་ད་བར་ཟློས་གར་༤༠ ལྷག་བརྩམས་ཡོད་པ་མ་ཟད། སྒྲུང་རིང་དང་སྒྲུང་ཐུང་། བྱིས་པའི་དཔེ་དེབ་ཁག་ཅིག་དང་སྙན་ངག་སོགས་དུ་མ་བརྩམས་ཡོད་འདུག

དེ་བཞིན་ལོ་འདིའི་ནོ་སྦེལ་གསོ་རིག་གཟེངས་རྟགས་ཐོབ་མཁན་ནི་ཧང་གྷ་རི་ནས་ཡིན་པའི་ཚན་རིག་པ་ཀ་ཀྲི་ལིན་ ཀ་རི་ཀོ་(Katalin Kariko) དང་ཨ་རི་ལ་ཡོད་པའི་ཁོང་གི་ལས་རོགས་ཚན་རིག་པ་ཌི་རེའུ་ ཝེ་སི་མན་(Drew Weissman) གཉིས་ཆགས་ཀྱི་ཡོད་པ་དང་། ཁོང་གཉིས་ལ་ཨ་སྒོར་ས་ཡ་$༡ ཡི་བྱ་དགའ་ཐོབ་རྒྱུ་ཡིན་ཞིང་། ཁོང་གཉིས་ནི་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་གསར་གཏོད་བྱེད་མཁན་གྱི་ཚན་རིག་པ་གཉིས་ཆགས་ཡོད་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།