༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་ཚོགས་མགོན་དུ་ཕེབས།

ཟླ་འདིའི་ཚེས་ ༡༨ ཉིན་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་གིས་གསོལ་བ་བཏབ་པ་ལྟར་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པའི་ཚོགས་མགོན་དུ་ཆིབས་བསྒྱུར་དང་སྟོན་པའི་སྐུ་བརྙན་རིན་པོ་ཆེར་མཆོད་མཇལ་དང་ཐུགས་སྨོན་མཛད་འདུག 

པར། དགའ་ལྡན་ཕོ་བྲང་།

མགོན་པོ་གང་ཉིད་སྨོན་ལམ་ཚོགས་མགོན་དུ་༸ཞབས་སོར་འཁོད་དེ་ཆོས་ཀྱི་ཁྲིར་བཞུགས་སུ་གསོལ་རྗེས། སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་གཙོ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་སྐྱབས་ཐོ་འདེགས་འབུལ་ཞུས་པ་དང་། འདུས་མང་ལྷན་དུ་དཀོན་མཆོག་རྗེས་དྲན་གྱི་མདོ་དང་། བཟང་སྤྱོད་སྨོན་ལམ་སོགས་གསུང་འདོན་གནང་མཚམས་བཀའ་སློབ་བསྩལ་དོན།

ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་སའི་གནས་ཁྱད་པར་ཅན་འདིར་ང་ཚོ་རུབ་རུབ་བྱས་ཏེ་སྨོན་ལམ་རྒྱག་པའི་བསྐལ་བ་བཟང་པོ་བྱུང་བ་རེད། ང་ཚོའི་མི་ཚེ་གཅིག་ལ་འདི་ལྟ་བུའི་གོ་སྐབས་བཟང་པོ་ཞིག་བྱུང་ནས་བསོད་ནམས་བསགས་པས་ཚེ་རབས་ནས་ཚེ་རབས་སུ་ལས་བཟང་པོའི་འབྲས་བུ་སྨིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་གིས་ཆོད་པ་རེད། དེང་སང་སངས་རྒྱས་པའི་ཆོས་འདི། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་ལྟར། དེ་སྔ་སངས་རྒྱས་པའི་ཆོས་མ་དར་བའི་ས་ལའང་དོ་སྣང་གསར་པ་བྱེད་བཞིན་ཡོད་པ་རེད། ང་ཚོ་ཕ་མེས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། 

ངོས་ནས་ཚེ་རབས་ནས་ཚེ་རབས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་ཡོང་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཆོས་གྲོགས་ཚོ་ཡང་དེ་ལྟ་བུ་ཞིག་ཏན་ཏན་ཡོང་གི་རེད། ཚང་མས་ཐུགས་སྨོན་ཡག་པོ་གནང་ཤོག དུས་དང་དུས་སུ་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། གཙོ་བོ་ཉིན་ཞག་ཕྲུགས་གཅིག་གི་རིང་ལ་སོ་སོའི་སེམས་དེ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་འགལ་བ་ཞིག་དང་། བསམ་པ་རྣམ་དག་གི་ཆོས་པ་ཞིག་བྱེད་དགོས་པ་རེད། དེ་ཚང་མས་ཐུགས་ལ་ཆོངས། གཞན་ཞུ་རྒྱུ་མི་འདུག ངོས་རང་ཧ་ཅང་བསྐལ་བ་བཟང་པོ་བྱུང་། ཚེ་རབས་ནས་ཚེ་རབས་སུ་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བར་སྨོན་ལམ་བརྒྱབ་ནས་སེམས་ཤུགས་བསྐྱེད་བཞིན་ཡོད། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྙིང་ཁུང་རུས་པའི་གཏིང་ནས་སེམས་ཤུགས་བསྐྱེད་དེ་སྨོན་ལམ་རྒྱག་གི་ཡོད། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་བསྟན་པ་འདི་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་ཞབས་འདེགས་ག་རེ་སྒྲུབ་རྒྱུ་ཡོད་པ་དེ་སྒྲུབ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ཅེས་དང་།

པར། དགའ་ལྡན་ཕོ་བྲང་།

ཆོས་ནི་ཕྱི་ལོགས་ཀྱི་རྣམ་འགྱུར་གྱི་སྐད་ཆ་མིན་པར་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་བསམ་བློའི་ནང་ཉིན་ཞགས་ཕྲུགས་གཅིག་གི་རིང་མ་བརྗེད་པར་འཛིན་རྒྱུ་གལ་ཆེན་པོ་རེད། ངོས་རང་ལ་མཚོན་ན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་འབྲེལ་ནས་སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཚེ་རབས་ནས་ཚེ་རབས་སུ་སྟོན་པའི་རྗེས་འབྲངས་རྣལ་མ་ཞིག་གི་ཐོག་ནས་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བ་མི་གཙོ་བོར་གྱུར་པའི་མཐའ་ཡས་པའི་སེམས་ཅན་མཐའ་དག་གི་དོན་བྱེད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་། གནས་ཁྱད་པར་ཅན་འདི་འདྲ་ལ་སྨོན་ལམ་འདི་བརྒྱབ་པས་སྨོན་ལམ་འགྲུབ་པར་ཏན་ཏན་རྐྱེན་ཞིག་ཡོད་པ་རེད། ཚང་མར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་བསྩལ་འདུག
སྐུ་པར་དང་གནས་ཚུལ་ཡོང་ཁུངས་དགའ་ལྡན་ཕོ་བྲང་དང་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་བརྒྱུད་ལམ།
གསར་འགོད་པ། བསྟན་འཛིན་ལམ་བཟང་།