༧གོང་ས་མཆོག་གི་ཆབ་སྲིད་ཀྱི་མཛད་རྣམ་སྐོར་གྱི་འགྲེམས་སྟོན་དབུ་འཛུགས་གནང་སོང་།
དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་རིང་། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་འགྲེམས་སྟོན་ཁང་ནས་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་མཛད་རྣམ་སོགས་ཀྱི་སྐོར་པར་རིགས་ཀྱི་ལམ་ནས་འགྲེམས་སྟོན་ཞུ་བཞིན་འདུག

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༤ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག ཕྱི་ལོ་༡༩༥༠ ནས་༢༠༢༥ བར་གྱི་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་མཛད་རྣམ་སྐོར་གྱི་འགྲེམས་སྟོན་ཞིག་ཞུ་བཞིན་འདུག འགྲེམས་སྟོན་དེའི་ནང་༧གོང་ས་མཆོག་བོད་ནང་བཞུགས་དུས་ཀྱི་ཆབ་སྲིད་མཛད་རྣམ་དང་། དེའི་རྗེས་བཙན་བྱོལ་ནང་ཕེབས་རྗེས་ཀྱི་ཆབ་སྲིད་ཀྱི་མཛད་རྣམ། དེ་བཞིན་ཕྱི་ལོ་༡༩༧༠ ཙམ་ནས་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཕུལ་བའི་གཟེངས་རྟགས་སོགས་པར་རིགས་ཀྱི་ལམ་ནས་འགྲེམས་སྟོན་ཞུ་བཞིན་འདུག འགྲེམས་སྟོན་དེ་ཉིན་གཉིས་རིང་སྟེ་ཕྱི་ཚེས་༡༤ དང་༡༥ བར་འགྲེམས་སྟོན་ཞུ་རྒྱུ་ཡིན་འདུག
སྡེ་ཚན་དང་པོའི་ནང་༧གོང་ས་མཆོག་གིས་ཕྱི་ལོ་༡༩༥༠ ནང་རྒྱལ་སྲིད་ཀྱི་ཐུགས་འགན་བཞེས་རྗེས། བསྟན་སྲིད་ཀྱི་མཛད་པ་མཐའ་དག་སྐུ་གོང་མའི་བཞེས་སྲོལ་མཇུག་སྐྱོང་གནང་རྒྱུར་འབད་བརྩོན་དང་། ལྷག་པར་དུ་ཁྲལ་གྱིས་མནར་བའི་ཆབ་འབངས་རྣམས་གཙོ་བོ་གྱུར་པའི་དམན་པ་རྣམས་ལ་བརྩེ་བས་གཟིགས་པས། བསྒྱུར་བཅོས་གནང་རྒྱུར་ཐུགས་མོས་ཧ་ཅང་ཆེན་པོ་ཡོད་པ་ལྟར། ལོ་མཇུག་ཙམ་ནས་གཞུང་གི་འཛིན་སྐྱོང་ཕྲ་ཚུགས་པ་དང་ཆབས་ཅིག དཔལ་ཡོན་མཐའ་དག་རྒྱས་ཐབས་དང་། ལྷག་པར་དུ་ཆབ་འབངས་བདེ་བའི་སླད་དུ་ཕྱོགས་ཚང་མའི་འཐུས་མི་༥༢ ལས་གྲུབ་པའི་ལེགས་བཅོས་སྤྱི་ཚོགས་གསར་འཛུགས་ཀྱིས་སྤྱི་ཡོངས་ཀྱི་གནས་སྟངས་ཞིབ་འཇུག་གནང་བ་སོགས་ཀྱི་བོད་ནང་གི་ཆབ་སྲིད་མཛད་རྣམ་སྐོར་པར་རིགས་ལམ་ནས་འགྲེམས་སྟོན་ཞུས་བཞིན་འདུག
སྡེ་ཚན་གཉིས་པའི་ནང་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས། བཙན་བྱོལ་བོད་མིའི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ནས་རྩ་ཁྲིམས་གཏན་འབེབས་གནང་བ་དང་། ཕྱི་ལོ་༡༩༦༠ ཟླ་བ་༢ ཚེས་༣ ཉིན། ༧གོང་ས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་སྐབས། རྒྱ་གར་དུ་སྔ་རྗེས་འབྱོར་བའི་བོད་མི་སྡོད་སྒར་སོ་སོའི་སྤྱི་འཐུས་རྣམས་འདུ་འཛོགས་ཀྱིས་སེར་སྐྱ་མི་མང་ནས་བརྟན་བཞུགས་བསྟར་འབུལ་དང་ཆབས་ཅིག་འབྱུང་འགྱུར་བོད་རིགས་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བ། དེ་བཞིན་དམངས་གཙོ་ཀ་བ་གསུམ་ལྡན་གྱི་དབུས་མིའི་སྒྲིག་འཛུགས་གསར་འཛུགས་གནང་བ། མི་མང་གིས་དམངས་གཙོའི་ལམ་ནས་འདེམས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གནང་བ་སོགས་བཙན་བྱོལ་ནང་ཕེབས་རྗེས་བོད་མི་རིགས་དང་རྩ་དོན་གྱི་ཆེད་དུ་མཛད་པ་བསྐྱངས་བ་རྣམས་པར་རིགས་ཀྱི་ལམ་ནས་འགྲེམས་སྤེལ་ཞུ་བཞིན་འདུག
སྡེ་ཚན་གསུམ་པའི་ནང་། ཕྱི་ལོ་༡༩༧༠ ཙམ་ནས་༧གོང་ས་མཆོག་ཕྱིའི་རྒྱལ་ཁབ་མང་པོའི་ནང་ཕེབས་ནས་བོད་ཀྱི་རྩ་དོན་དང་རིག་གཞུང་། འཛམ་གླིང་སྤྱི་ཡོངས་ཀྱི་བདེ་དོན་ཆེད་དུ་མཛད་པ་རླབས་ཆེ་སྐྱོང་བ་སོགས་ལ་བརྟེན། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་ཧ་ཅང་གི་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གསེར་གྱི་གཟེངས་རྟགས། ཌེམ་པལ་ཊོན་ (Templeton) གཟེངས་རྟགས་སོགས་ཁྱོན་གྲགས་ཆེ་བའི་གཟེངས་རྟགས་དང་། སྙན་གྲགས་ཆེ་བའི་མཐོ་སློབ་དང་ཤེས་ཡོན་ལྟེ་གནས་ཁང་སོགས་འདྲ་མིན་ནས་ཕུལ་བའི་ཕྱག་འཁྱེར(degree)རྒྱལ་ཁབ་འདྲ་མིན་ནས་ཕུལ་བའི་མི་སེར་ལག་འཁྱེར(Citizenship)སོགས་ཁྱོན་༣༤༡ ཙམ་ཕུལ་བ་རྣམས་དེ་རིང་པར་རིགས་ཀྱི་ལམ་ནས་འགྲེམས་སྟོན་ཞུ་བཞིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
