༧གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་ནས་རྒྱ་ནག་གི་ཉེན་བརྡ་ཐེངས་གཉིས་པ།

རྒྱ་གར་གཞུང་ནས་རྒྱ་ནག་གི་དོ་ཁུར་ཆེ་ཤོས་བྱེད་བཞིན་པའི་གནད་དོན་ཤིག་གི་ཁ་གཏད་དུ་གྱུར་པའི་བྱ་སྤྱོད་སྤེལ་གྱི་འདུག་པས། དེ་འདྲའི་བྱ་སྤྱོད་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་རྒྱ་གར་ཧིན་རྡུ་སི་ཐན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་གར་དབུས་གཞུང་དང་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་རྒྱ་གར་བྷི་ཧར་མངའ་སྡེ་རུ་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག ༧གོང་ས་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཡོད་པར། རྒྱ་གར་གཞུང་ནས་རྒྱ་ནག་གི་དོ་ཁུར་ཆེ་ཤོས་བྱེད་བཞིན་པའི་གནད་དོན་ཤིག་གི་ཁ་གཏད་དུ་གྱུར་པའི་བྱ་སྤྱོད་སྤེལ་གྱི་འདུག་ཅེས་དང་། དེ་འདྲའི་བྱ་སྤྱོད་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་སྐོར་བཅས་ཁ་སང་ཕྱི་ཚེས་༢༠ ཡི་ཉིན་མོར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བརྗོད་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧའོ་ཆུན་ཡེང་གིས་“ཉེ་བའི་ཉིན་ཤས་ཀྱི་རིང་ལ་རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་གི་རེ་བ་དང་ཤུགས་ཆེའི་ངོ་རྒོལ་བཅས་ལ་རྩིས་མེད་ཐོག རྒྱ་གར་གཞུང་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་ཨུ་ཚུགས་ཆེན་པོའི་སྒོ་ནས་ཏཱ་ལའི་བླ་མ་གདན་ཞུ་བྱས་སོང་།” ཞེས་དང་། “རྒྱ་ནག་དེར་འདོད་བློ་ཁེངས་པ་གཏན་ནས་བྱུང་མེད་ལ་ངོ་རྒོལ་ཤུགས་དྲག་བྱས་ཡོད་”ཅེས་བརྗོད་ཡོད་འདུག དེ་བཞིན་“རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་ལས་ཁ་བྲལ་རྩོད་མཁན་ཏཱ་ལའི་རུ་ཁག་གི་རང་བཞིན་གསལ་པོར་མཐོང་ཐུབ་པ་དང་། བོད་དང་དེ་འབྲེལ་གྱི་གནད་དོན་ཐོག་བཞག་པའི་སོ་སོའི་དམ་བཅའ་ལ་གུས་བརྩི་བྱ་རྒྱུ། རྒྱ་ནག་གི་དོ་ཁུར་བྱེད་སའི་གནད་དོན་ལྟེ་བར་གུས་ཞབས་བྱ་རྒྱུ། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་མི་གཏོང་བ་བཅས་ལ་ང་ཚོས་སྐུལ་མ་བྱེད་ཀྱི་ཡོད་”ཅེས་མོས་བརྗོད་ཡོད་འདུག

ད་ཐེངས་ཀྱི་གསལ་བསྒྲགས་འདི་ནི་ཟླ་འདིའི་ནང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་ལ་༧གོང་ས་མཆོག་གི་ཁ་གཏད་དུ་སྤེལ་བའི་གསལ་བསྒྲགས་ཐེངས་༢ པ་དེ་ཆགས་ཡོད་པ་དང་། དེ་སྔོན་རྒྱ་གར་དབུས་གཞུང་གིས་ཟླ་རྗེས་མར་༧གོང་ས་མཆོག་ཨ་རུ་ན་ཅཱལ་མངའ་སྡེར་ཆོས་དང་འབྲེལ་བའི་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དང་། རྒྱ་གར་དེ་ཉིད་མང་གཙོ་དང་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ༧གོང་ས་མཆོག་རྒྱ་གར་གྱི་ས་ཁུལ་གང་དུ་ཕེབས་ཀྱང་བཀག་འགོག་མེད་སྐོར་བརྗོད་སྐབས། ཟླ་འདིའི་ཚེས་༣ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པས། རྒྱ་གར་གྱིས་༧གོང་ས་མཆོག་ལ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་ཀ་བྱེད་པའི་སྡིངས་ཆ་སྤྲད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།