༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་རྒྱ་རིགས་སློབ་མའི་ངོ་རྒོལ།

ཟླ་འདིའི་ཚེས་༡༧ ཉིན་ ཨ་རིའི་ས་གནས་(San Diego)སེན་ཌི་གྷོར་རྟེན་གཞི་བྱས་པའི་ཁེ་ལི་ཧྥོ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར། ༧གོང་ས་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་པས། སློབ་གཉེར་ཁང་དེའི་སློབ་མ་ཚོས་དེ་སྔོན་ནས་མཛད་རིམ་དེར་ངོ་རྒོལ་བྱས་ཡོད་པ་དང་། ཉེ་ཆར་སླར་ཡང་ངོ་རྒོལ་བྱས་ཡོད་འདུག་ཀྱང་། བསླབ་མ་མཐར་སོན་ཉིན་མོར་ངོ་རྒོལ་བྱེད་འཆར་མེད་ཚུལ་བརྗོད་ཡོད་འདུག

དེ་ཡང་ཟླ་༦ པའི་ཚེས་༣༡ ཉིན་སློབ་གཉེར་ཁང་དེའི་སློབ་ཕྲུག་གིས་འཛིན་སྐྱོང་བྱེད་བཞིན་པའི་གསར་འགྱུར་བརྒྱུད་ལམ་THE TRITON ཐོག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༦ པའི་ཚེས་༣༠ ཉིན་རྒྱ་རིགས་སློབ་ཕྲུག་དང་ཤེས་ཡོན་པའི་ལྷན་ཚོགས་ཀྱིས། སྦྱར་དཔང་ཐོག་ཏུ་རྒྱ་རིགས་སློབ་མས་ཏཱ་ལའི་བླ་མར་ལྟ་ཚུལ་སོགས་ཀྱི་བརྗོད་གཞིའི་ཐོག་གནས་ཚུལ་བྲིས་ནས། ཚང་འཛོམས་བྱུང་བའི་སློབ་མ་རྣམས་ལ་གཏམ་བཤད་བྱས་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག སྐབས་དེར་ནུབ་ཕྱོགས་ཀྱི་སློབ་མ་མང་པོ་ཞིག་སླེབས་ཏེ། བོད་ནང་དུ་རྒྱ་ནག་གི་དྲག་པོའི་སྲིད་ཇུས་སོགས་ཀྱི་ཐོག་ལ་དྲི་བ་དྲིས་ཏེ། རྒྱ་རིགས་སློབ་མ་ཁག་དང་ཁ་རྩོད་བརྒྱབ་ཡོད་འདུག

ཟླ་༦ པའི་ཚེས་༣༠ ཉིན་རྒྱ་རིགས་སློབ་མའི་ལྷན་ཚོགས་དེས་སྐད་འཕྲིན་ཐོག་ཏུ། ལས་འགུལ་དེ་ནི་ངོ་རྒོལ་གྱི་ལས་འགུལ་ཞིག་མིན་པར། ༧གོང་ས་མཆོག་དང་འབྲེལ་བའི་རྩོད་རྙོག་གི་གནད་དོན་རྣམས་ངོ་སྤྲོད་བྱེད་ཐབས་ཀྱི་ལས་འགུལ་ཞིག་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་འདུག བརྒྱུད་ལམ་དེར་རྒྱ་རིགས་སློབ་མ་དང་ཤེས་ཡོན་པའི་ལྷན་ཚོགས་ཀྱིས། བསླབ་མ་མཐར་སོན་གྱི་མཛད་སྒོར་ངོ་རྒོལ་ལས་འགུལ་སྤེལ་འཆར་མེད་ཚུལ་བརྗོད་ཡོད་འདུག

གཙུག་ལག་སློབ་གཉེར་ཁང་དེས་བསླབ་པ་མཐར་སོན་གྱི་མཛད་སྒོར་གསུང་བཤད་གནང་མཁན་གཙོ་བོ་དེ་༧གོང་ས་མཆོག་གདན་དྲངས་རྒྱུ་ཡིན་པའི་གལས་བསྒྲགས་བྱས་སྐབས། རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཀྱང་། སློབ་གཉེར་ཁང་གིས་ཐག་གཅོད་དེར་འགྱུར་བ་བཏང་མེད་པ་རེད། སྐབས་དེར་ཟླ་༣ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨི་པོ་ཆེའི་ཐོག་ཏུ། རྒྱ་རིགས་སློབ་མའི་ཚོགས་པ་དེས་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་ཐོག ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱིས་༧གོང་ས་མཆོག་གི་གསུང་བཤད་ལས་རིམ་དེར་བྱ་སྤྱོད་སྤེལ་སྟངས་ཐོག་བཀོད་ཁྱབ་བཏང་བའི་གསལ་བསྒྲགས་དྲ་ཐོག་ཏུ་བཀོད་ཡོད་འདུག་ཀྱང་། ད་ལྟའི་ཆར་གསལ་བསྒྲགས་དེ་དྲ་ཐོག་ནས་ཕྱིར་འཐེན་བྱས་ཟིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་རྒྱ་རིགས་སློབ་ཕྲུག་དང་ཤེས་ཡོན་པའི་ལྷན་ཚོགས་ཀྱིས་ལོ་སི་ཨན་ཇི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ལ། ཟླ་༦ པའི་ནང་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐབས་༧གོང་ས་མཆོག་གི་གསུང་བཤད་གནང་རྒྱུའི་ལས་རིམ་དེའི་ཐོག་བྱ་སྤྱོད་གང་འདྲ་སྤེལ་དགོས་མིན་ཐད་སྐད་ཆ་དྲིས་པས། གཞུང་ཚབ་ཁང་གིས་བཀོད་ཁྱབ་བཏང་བ་ལྟར་ལས་འགུལ་སྤེལ་རྒྱུ་ཡིན་སྐོར། དེ་བཞིན་གཞུང་ཚབ་ཁང་གིས་སློབ་ཕྲུག་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གྱི་ལམ་སྟོན་ལས་བརྒལ་ནས་བྱ་སྤྱོད་སྤེལ་མི་རུང་བ། ལས་འགུལ་བྱེ་བྲག་ཐོག་མ་འོངས་པའི་གསལ་བསྒྲགས་ནང་ཞིབ་ཕྲ་འགྲེལ་བཤད་རྒྱག་རྒྱུ་ཡིན་པའི་ལན་འདེབས་བྱས་སྐོར་བཀོད་ཡོད་འདུག

དེ་བཞིན་གནས་ཚུལ་དེ་དང་འབྲེལ་ནས་ཟླ་༢ པའི་ཚེས་༡༦ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་ཏུ། ཚེས་༡༥ ཡི་ཉིན་གཙུག་ལག་སློབ་གཉེར་ཁང་གི་རིག་བདག་ཆེན་མོ་རྒྱ་གར་བ་པར་ཌིབ་ཀ་ཀོ་ས་ཡིས། སློབ་གཉེར་ཁང་དེའི་ནང་ཡོད་པའི་རྒྱ་རིགས་སློབ་མ་ཚོ་ཆེད་དུ་བསྐོངས་ནས། འདི་ལོའི་ཕྱི་ཟླ་༦ པའི་ནང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་༧གོང་ས་མཆོག་སློབ་གཉེར་ཁང་དེའི་ནང་དུ་གསུང་བཤད་གནང་མཁན་གཙོ་བོ་རུ་གདན་འདྲེན་ཞུ་འཆར་ཡོད་པའི་སྐོར། རྒྱ་རིགས་སློབ་མ་ཚོ་དང་གྲོས་མོལ་བྱས་སྐབས། སློབ་ཕྲུག་ཚོས་༧གོང་ས་མཆོག་གི་གསུང་བཤད་དེ་ཆབ་སྲིད་དང་འབྲེལ་བ་མེད་པ་དགོས་པ་དང་།  དེ་བཞིན་ཁོ་ཚོས་༧གོང་ས་མཆོག་མཚམས་སྦྱོར་ཞུ་སྐབས་ཆོས་ལུགས་ཀྱི་དབུ་ཁྲིད་དང་། བཙན་བྱོལ་ལྟ་བུའི་ཚིག་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་པ། དེ་བཞིན་གསུང་བཤད་ཀྱི་ནང་དོན་གང་ཡིན་ཁོ་ཚོར་གསལ་པོ་བཟོ་རོགས་ཞེས་བརྗོད་ཡོད་སྐོར་གྱི་གནས་ཚུལ་བཀོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།