ནིའུ་ཡོག་ཏུ་༧གོང་ས་མཆོག་གི་དགུང་ལོ་༩༠ ཕེབས་པའི་སྐུའི་གོ་སྟོན་འཁྲུངས་སྐར་སྲུང་བརྩི།

ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༥ ཉིན་ ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དགུང་གྲངས་ ༩༠ བཞེས་པའི་སྐུའི་གོ་སྟོན་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་དེ། བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་དུ་གཟབ་རྒྱས་ངང་འཚོགས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཆོས་འཁོར་རིན་པོ་ཆེ། སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་ཀུན་དགའ་བཀྲ་ཤིས། ཁྲིམས་ཟུར་ངག་དབང་རབ་རྒྱས། སྤྱི་ཟུར་ངག་དབང་ཐར་པ། དོན་ཟུར་རིན་ཆེན་དར་ལོ། རྒྱ་གར་གསང་ལས་ཟུར་པ་ཚེ་སྒྲུབ། བོད་ཀྱི་ཐེབས་རྩའི་འགན་འཛིན་བྷོབ་གཙོས་པའི་གནད་ཡོད་མི་སྣ་མང་པོ་དང་། ཚོགས་པ་ཆེ་ཁག་དང་ཚོགས་སྐྱིད་ཁག་གི་ཚོགས་གཙོ་སོགས་མང་པོ་ཞིག་ཕེབས་འདུག ཕྱི་རྒྱལ་སྐུ་མགྲོན་དུ་ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཨ་ཌམ་སི་དང་རྩིས་དཔོན་ཆེན་མོ། དེ་བཞིན་ནིའུ་ཡོག་ས་གནས་གྲོས་ཚོགས་ཀྱི་འཐུས་མི་འཇུ་ལི་ཝོན་སོགས་མང་པོ་ཞིག་ཕེབས་འདུག

ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་གཙོས་པའི་སྐུ་མགྲོན་རྣམ་པས་གོང་ས་མཆོག་གི་སྐུའི་གོ་སྟོན་འཁྲུངས་སྐར་དང་འབྲེལ་བའི་གཏམ་བཤད་གནང་སོང་ལ། ས་གནས་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་གནང་ནས་ཚོགས་ཁང་གི་སྟེང་ཤོད་གཉིས་ཀ་ཁེངས་འདུག
སྐབས་དེར་བློ་གསལ་སྐྱེད་ཚལ་སློབ་གྲྭ་གཙོས་པའི་ས་གནས་སུ་ཡོད་པའི་བོད་པའི་སློབ་གྲྭ་བདུན་གྱི་སློབ་ཕྲུག་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་དང་། སྙན་ངག་གྱེར་འདོན། རིགས་ལམ་རྩོད་པ། རྒྱལ་རབས་དྲི་བ་དྲིས་ལན་བཅས་གནང་སོང།
དེ་བཞིན་ནིའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཨེ་ཌན་སིས་གསུངས་དོན། ད་ནས་བཟུང་བོད་པ་ཚོས་ནིའུ་ཡོག་ས་ཁུལ་ལ་བོད་མིའི་དཔྱ་ཁྲལ་ལག་དེབ་དེ་ངོ་སྤྲོད་ལག་ཁྱེར་ཆེད་དུ་བེད་སྤྱོད་གཏོང་ཆོག་པ་བཟོས་ཡོད་པ་མ་ཟད། བོད་ཀྱི་གྲོང་པ་ཆུང་ཆུང་གྱི་གྱང་སྦྱར་བྱང་བུ་དེ་ནིའུ་ཡོག་གྲོང་ཁྱེར་ཡོངས་ལ་ཁྱབ་བསྒྲགས་བྱས་ཡོད་ཅེས་གསུང་སྐབས། ཚོགས་ཁང་ནང་འཛོམས་པའི་མང་ཚོགས་ཡོངས་ཀྱི་དགའ་བསུ་ཚད་མེད་གནང་སོང་།
བོད་ཀྱི་ཐེབས་རྩའི་འགན་འཛིན་བྷོབ་ལགས་ཀྱིས་གསུངས་དོན། བོད་ཀྱི་ཐེབས་རྩས་བོད་རིགས་སྤྱི་མཐུན་ཚོགས་པ་ལ་གཡར་བའི་དངུལ་དེ་ནས་ལོ་རེར་ཨ་སྒོར་ཁྲི་གསུམ་རེ་གཅོག་ཆ་ཞུས་ཏེ་ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་བྱུང་བ་མ་ཟད། ད་ལོ་གོང་ས་མཆོག་གི་གོ་སྟོན་ནམ་སྐུའི་འཁྲུངས་སྐར་དང་བསྟུན་ནས། རྡོ་རྗེ་གདན་ལ་༧གོང་ས་མཆོག་གི་ཐེབས་རྩ་གནའ་བོའི་རིག་གཞུང་ལྟེ་གནས་ལ་ཨ་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་ཡོད་ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོས་གསུང་བཤད་གནང་སྐབས། “༸གོང་ས་མཆོག་ནི་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བྱམས་བརྩེའི་བརྡ་ལན་སྟེར་མཁན་ཞིག་ཡིན་པས། ང་ཚོས་ཁོང་གི་བཀའ་སློབ་རྣམས་ལག་ལེན་དུ་འགེལ་ཐུབ་པ་བྱེད་དགོས།” ཞེས་གསུངས།
མཛད་སྒོའི་ཆེད་དུ་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཡོད་སའི་གྲོང་གསེབ་ཀྱི་ལམ་ཁ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་དང་།
ཞོགས་པ་སྐུའི་གོ་སྟོན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་ཚོགས་པ་ཁག་དང་མི་མང་གིས་བསང་གསོལ་གནང་ནས། ༸གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་བོད་དོན་བདེན་མཐའ་གསལ་བའི་སྨོན་ལམ་རྒྱ་ཆེར་གནང་ཡོད་པ་རེད།
ས་གནས་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་།
