༧གོང་ས་མཆོག་གི་མཛད་འཆར།
༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་༥ ཚེས་༥ ནས་ཡུ་རོབ་ཀྱི་རྒྱལ་ཁག་ཅིག་ནང་ཆིབས་བསྒྱུར་གྱིས་ཆོས་འབྲེལ་དང་། མི་མང་ལ་བཀའ་སློབ་ལམ་སྟོན་གནང་རྒྱུའི་མཛད་འཆར་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༥ ནས་ ༦རིང་ལཱ་ཏི་ཝི་ཡའི་ (Latvia) རི་གྷ་གྲོང་ཁྱེར་དུ་ (Riga) ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཚེས་ ༨ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོའི་(Oslo) ཆེ་ཏི་ནུ་ལྷ་ཁང་ (Chateau Neuf) དུ་ནོར་ཝེ་ནང་པའི་ཆོས་ཚོགས་དང་།ཀརྨ་བཀྲ་ཤིས་གླིང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་སྩལ་རྒྱུ། ཕྱི་ཚེས་ ༩ཉིན་རྒྱལ་ས་ཨོ་སི་ལོའི་མི་མང་ཚོགས་ཁང་ནང་། བྱམས་བརྩེའི་ཉམས་ལེན་སྐོར་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག
དེ་བཞིན་༸གོང་ས་མཆོག་གིས་ཕྱི་ཚེས་ ༡༡ ཉིན་ནེ་དར་ལན་ཌིའི་ (Netherland) གྲོང་ཁྱེར་རོ་ཊར་ཌམ་གྱི་(Rotterdam)ཨ་ཧོ་རྩེད་ཐང་དུ་ (Ahoy Stadium)ལམ་གཙོ་རྣམ་གསུམ་གྱི་གསུང་ཆོསབ་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༡ཉིན་ས་གནས་དེར་རྣམ་དཔྱོད་དང་སྙིང་རྗེ།ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༡༤ཉིན་༸གོང་ས་མཆོག་གིས་འཇར་མན་གྱི་གྲོང་ཁྱེར་ཕེ་རེངྐ་ཕོ་ཌིར་ Frankfurt བོད་ཁང་གིས་གོ་སྒྲིག་འོག་བྱམས་བརྩེ་དང་མི་སྒེར་གྱི་དྲན་ཤེས།ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༥ཉིན་གྱི་སྔ་དྲོ་འཇར་མན་བོད་ཁང་གིས་གོ་སྒྲིག་ལྟར་གྲོང་ཁྱེར་དེའི་ཁ་ཆེའི་ལྷ་ཁང་ཞིག་ཏུ་སློབ་ཕྲུག་ཚོ་དང་མཉམ་དུ་ཆོས་ལུགས་མཐུན་སྒྲིལ་གྱི་བཟང་སྤྱོད།ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༡༥ཕྱེད་ཡོལ་འཇར་མན་བོད་ཁང་དང་ས་ཁམས་རིག་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཀྱིས་གོ་སྒྲིག་ལྟར་གྲོང་ཁྱེར་དེའི་ནང་དུ་ལྟ་གྲུབ་སྨྲ་བ་རེ་ནར་ཕོ་རོ་སི་ (Rainer Forst) དང་མཉམ་དུ་བགྲོ་གླེང་མཛད་རྒྱུ་དང་།གཞན་ཡང་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་སྐོར་གྱི་བགྲོ་གླེང་ཐོག་༸གོང་ས་མཆོག་ལྷན་བཞུགས་མཛད་རྒྱུ་ཡིན་འདུག །
