༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་དེ་བྱམས་བརྩེའི་ཉིན་མོ་ལ་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་རམ་གོ་སྟོན་ཚར་ནས་བདུན་ཕྲག་གཅིག་ཙམ་གྱི་རྗེས་སུ། ཨ་རིའི་གྲོས་ཚོགས་གོང་མས་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་དེ་བྱམས་བརྩེའི་ཉིན་མོ་ལ་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་འདུག

ཟླ་འདིའི་ཚེས་༡༥ ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་ཐོག་ཏུ། ཕྱི་ཟླ་༧ ཚེས་༡༤ ཉིན། ཨ་རིའི་གྲོས་ཚོགས་གོང་མས་ཟླ་༧ ཚེས་༦ ཉིན་ཏེ། ༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་དེ་༼བྱམས་བརྩེའི་ཉིན་མོ།༽ ལ་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་དེ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་བསྐྱར་དུ་ནན་བརྗོད་བྱས་ཡོད་ཅེས་བཀོད་འདུག
གྲོས་ཆོད་དེ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོས་ཀྱང་། གྲོས་ཆོད་དེ་གཏན་ལ་ཕབ་པ་ནི། ཨ་རི་ནས་༧གོང་ས་མཆོག་གི་བྱམས་བརྩེ་དང་འཚེ་མེད་ཞི་བའི་བཀའ་སློབ། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་ལ་རྒྱབ་སྐྱོར་ཤུགས་ཆེན་དང་བརྟན་པོ་ཡོད་པའི་རྣམ་པ་གསལ་པོར་བསྟན་པ་ཞིག་རེད་ཅེས་བརྗོད་འདུག
སྤྱིར་གྲོས་ཆོད་དེ་ཕྱི་ཟླ་༦ པའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱའི་ཀལ་མེག་ཀཱོལ་ (Michael McCaul) མཆོག་དང་། སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གཉིས་ཀྱིས་མཉམ་འབྲེལ་ཐོག་ཨ་རིའི་གྲོས་ཚོགས་ནང་། ཕྱི་ལོ་༢༠༢༥ ཟླ་༧ པའི་ཚེས་༦ ཉིན། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ཕེབས་པའི་དུས་དྲན་དང་བསྟུན། བྱམས་བརྩེ་ཉིན་མོ་ཞེས་སྲུང་བརྩི་ཞུ་ཆེད་བཏོན་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་ (JOE WILSON) ལགས་དང་། མའེ་ཁི་ལོ་ལར་ (MIKE LAAWLER) ལགས། རཱ་ཇ་ཀིར་ཥྞ་མོརྟི་ (RAJA KRISHNAMOORTHI) ལགས་དང་། ཇེ་མི་རཱ་སི་ཀིན་ (JAMIE RASKIN) ལགས། གཞོན་ནུ་ཀིམ་ (YOUNG KIM) ལགས་བཅས་ཀྱིས་ཀྱང་གྲོས་ཆོད་དེར་རྒྱབ་སྐྱོར་གནང་ཡོད་པ་རེད།
ད་ཐེངས་ཨ་རིའི་གྲོས་ཚོགས་གོང་མས་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་དེ་བྱམས་བརྩེའི་ཉིན་མོ་ལ་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་དེ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་ན་ཡང་། གྲོས་ཆོད་དེ་༧གོང་ས་མཆོག་ཕྱི་ལུགས་ལྟར། དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཚར་ནས་བདུན་ཕྲག་གཅིག་དང་ཉིན་གཅིག་གི་རྗེས་སུ་གཏན་འབེབས་གནང་བ་ཞིག་ཆགས་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།

