༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དེ་ཀུན་ཁྱབ་སྙིང་རྗེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུ།

ཉེ་ཆར་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༢ པ་དེ་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་འདུག་པ་དང་།ཚོགས་ཆེན་དེའི་ཐོག་༧གོང་ས་མཆོག་འཛམ་གླིང་ནང་པ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་ངོས་འཛིན་རྒྱུ་དང་། ༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་ཐད་༧རྒྱལ་བ་རིན་པོ་ཆེ་སྐུ་ཉིད་ཀྱིས་ཐུགས་ཐག་གཅོད་གནང་རྒྱུ་སོགས་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་ཡོད་འདུག
ཟླ་འདིའི་ཚེས་༢༣་ཉིན་གོང་གསལ་གྱི་ཚོགས་ཆེན་དེའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བར་གནས་ཚུལ་འཁོད་དོན། ཕྱི་ལོ་༢༠༢༤ ཟླ་༡ ཚེས་ ༡༧ ནས་ཉིན་གྲངས་གཉིས་རིང་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༢ པ་དེ་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་འདུག་པ་དང་། སྐབས་དེའི་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་རྒྱ་གར་དང་། སོག་པོ། ཨུ་རུ་སུ། ཀོ་རི་ཡ། ལའོ་སི། བངྒ་ལ་དེཤ། ཉི་འོང་། ཝེ་ཐི་ནམ། ཤྲཱི་ལངྐཱ་། ཀམ་བྷོ་ཌི་ཡ། འབྲུག བལ་ཡུལ་སོགས་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་ཚོགས་མི་བཅས་ཕེབས་ཡོད་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ཀྱང་མཉམ་ཞུགས་གནང་ཡོད་འདུག ཚོགས་ཆེན་དེར་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་གནང་བ་དང་། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་གཞོན་པ་དང་། རྒྱ་གར་གྱི་ས་གཞིའི་ཚན་རིག་གི་བློན་ཆེན་བཅས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག ཚོགས་ཆེན་དེའི་ཐོག་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་ཞིང་དེ་འབྲེལ་གྱི་བསྒྲགས་གཏམ་ཡང་སྤེལ་བའི་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོ་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་རིགས་ཕན་ཚུན་འཆམ་མཐུན་གནས་ཐབས་ཀྱི་རླབས་ཆེན་མཛད་རྗེས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གཙོས་པའི་གཟེངས་རྟགས་བགྲང་གི་མི་ལང་བ་འབུལ་བཞེས་ཀྱིས་ངོས་འཛིན་དང་། མགོན་པོ་གང་ཉིད་མཆོག་འཛམ་གླིང་ནང་པ་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་ཅིག་ལ་ངོས་འཛིན་གནང་རྒྱུའི་སྤྱི་མོས་གཏན་འབེབས་གནང་བའི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་༸མགོན་པོ་མཆོག་གིས་ཕྱི་ལོ་ ༡༩༦༩ ལོ་ནས་བཀའ་སློབ་རིམ་ཕེབས་དང་། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་དང་། དེ་བཞིན་འབྱུང་འགྱུར་ཡང་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་སྐུ་ཉིད་ཀྱིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་ལས། གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད། ཆོས་ཕྱོགས་ཀྱི་བྱ་བ་འདིའི་ཐད་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སུ་ཞིག་ལ་འགན་ཇི་ལྟར་བསྐུར་བ་བཞིན་དེའི་བརྒྱུད་རིམ་ནས་འགྲོ་དགོས་པ་ཞིག་ཡིན་ཞེས་དང་། ཕྱོགས་མཚུངས་ཕྱི་ཟླ་ ༧ཚེས་ ༦ ཉིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དེ་ “ཀུན་ཁྱབ་སྙིང་རྗེའི་ཉིན་མོ་”(Universal Day of Compassion) སྲུང་བརྩི་ཞུ་རྒྱུའི་བསྒྲགས་གཏམ་སྤེལ་བ་དང་ཆབས་ཅིག འཛམ་གླིང་ནང་ཞི་བདེ་དང་། འཚེ་མེད་ཞི་བ། སྙིང་རྗེར་དགའ་ཞེན་ཡོད་མཁན་ཡོངས་ནས་གོང་ཚེས་ཉིན་ཀུན་ཁྱབ་སྙིང་རྗེའི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས་འཁོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
༧