༧གོང་ས་མཆོག་གིས་ཁོང་གི་སྐུ་གཟུགས་གསལ་ཐང་ཡིན་པར་གསུངས།



ཟླ་འདིའི་ཚེས་༣ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྟོད་པ་གཞིས་བྱེས་མི་མང་དང་སྤུ་ཧྲེང་གཞིས་བྱེས་མི་མང་གིས་༧གོང་ས་མཆོག་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་༧གོང་ས་མཆོག་གིས་སྐུ་གཟུགས་གསལ་ཐང་ཡིན་པ་མ་ཟད་ད་དུང་ལོ་ངོ་བཅོ་ལྔ་ཉི་ཤུ་བཞུགས་རྒྱུའི་ཞལ་བཞེས་དང་འབྲེལ་བཀའ་སློབ་བཀའ་དྲིན་བསྩལ་དོན། བརྟན་བཞུགས་བསམ་པ་རྣམ་དག་དང་། སྦྱོར་དངོས་རྗེས་གཙང་ཧ་ཅང་ཡག་པོ་བྱུང་སོང་། ངོས་རང་ལ་ཆ་བཞག་ན་ལོ་བརྒྱ་ཕྲག་ལ་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། སེམས་ཤུགས་ཀྱང་སྐྱེད་ཀྱི་ཡོད། གང་ལྟར་འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཏོག་ཙམ་རྒུད་འགྲོ་བའི་དུས་ཚོད་ལ་ངོས་ཀྱིས་བསྟན་པའི་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་པའི་ཕྱི་ནང་གི་རྐྱེན་མང་པོ་ཞིག་འདུག དེ་སྔ་ནང་པའི་ཆོས་དམིགས་བསལ་དར་ཁྱབ་མེད་པའི་ས་ཁུལ་དུའང་། དེང་སང་དོ་སྣང་གསར་པ་ཞིག་སླེབས་ཡོད། ལྷག་པར་དུ་ཚན་རིག་པ་ཆོས་ཁས་མི་ལེན་མཁན་མང་པོ་ཞིག་གིས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཆོས་ཁས་ལེན་མཁན་དང་། ཆོས་ཁས་མི་ལེན་མཁན་ཚང་མས་སེམས་ཀྱི་ཞི་བདེ་རྒྱུད་དེ་འཛམ་གླིང་ཞི་བདེ་ཡོང་བར་དམིགས་བསལ་དོ་སྣང་ཞིག་བྱེད་བཞིན་ཡོད། དེར་དོ་སྣང་བྱེད་པའི་ཚན་རིག་པ་མང་པོ་ཞིག་ངོས་ཀྱི་གྲོགས་པོ་ཆགས་ཡོད། མང་པོ་ཞིག་གིས་དམིགས་བསལ་གྱིས་དོ་སྣང་དང་དགའ་བོའང་བྱེད་ཀྱི་འདུག་ཅེས་དང་།

ངོས་ཀྱི་མི་ཚེར་ཆ་བཞག་ན་ཉེ་ཆར་རང་ཨེམ་ཆི་ལ་བསྟེན་པ་ཡིན། གཟུགས་པོ་ཧ་ཅང་ཡག་པོ་འདུག་ཟེར། ལོ་བཅོ་ལྔ་ཉི་ཤུར་ངོས་རང་ཕལ་ཆེར་སྡོད་ཀྱི་རེད། འཛམ་གླིང་འདིའི་སྟེང་ངོས་ཀྱིས་སྤྱིར་ཡ་རབས་ཀྱི་སྤྱོད་བཟང་དང་། བྱེ་བྲག་ཏུ་སངས་རྒྱས་པའི་ཆོས་ལས་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་པ་ལྟ་བུ་འདུག

ཆོས་སྐྱོང་ཚོ་གཙོ་བོར་གྱུར་པའི་བསྟན་པའི་ཁུར་བཞེས་མཁན་ཚང་མས་ངོས་ཀྱིས་བསྟན་པའི་ཞབས་འདེགས་སྒྲུབ་པ་ལ་ཆ་རྐྱེན་ཡོད་པར་གཟིགས་ཡོད་པས་ཚང་མས་ངོས་ལ་ཕྱར་བ་གྲུ་འདེགས་ཏན་ཏན་གནང་གི་རེད། དེར་བརྟེན། ངོས་ལ་ཆ་བཞག་ན་བསམ་པ་རྣམ་དག་གིས་བྱེད་བཞིན་ཡོད། དེ་ལྟར་ཡིན། ཚང་མར་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་བསྩལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།