༧གོང་ས་མཆོག་གིས་ཁོང་དགུང་ལོ་༨༣ སོན་པའི་གདོང་ག་འདྲ་འདུག་སྟོན་སླད་ཡོང་བ་ཡིན་སྐོར་གསུངས།
༧གོང་ས་མཆོག་གིས་བོད་མི་རྣམས་དམིགས་ཡུལ་ངེས་ཅན་ཞིག་ཡོད་པའི་ཐོག་ནས་བཙན་བྱོལ་དུ་སླེབས་པ་ཡིན་པ་དང་། ཁོང་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ཟིན་ཡང་། བོད་རྒྱ་ཆེའི་མི་མང་གི་དོན་དག་ནམ་ཡང་དྲན་པ་བརྗེད་མི་སྲིད་པ་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་གནང་འདུག
ཟླ་༡༢ པའི་ཚེས་༡༢ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རྭའི་ནང་དུ། སློབ་ཕྲུག་གཙོ་བོར་འགྱུར་བའི་སེར་སྐྱ་མང་ཚོགས་༨༥༠༠ ལས་མང་བར་བཀའ་སློབ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་“དེ་རིང་དམིགས་བསལ་ཆོས་འབྲེལ་རིགས་གང་ཡང་མིན། ཁ་སང་འདིར་འབྱོར་བ་རེད། སང་ཉིན་བསྙེན་རྫོགས་སྒྲུབ་རྒྱུ་རེད། དེ་རིང་བར་སེང་འདུག དེར་བརྟེན་ངོས་རང་མི་མང་ཚོ་ཐུག་འདོད་བྱུང་། མོན་གྷོ་གཞིས་ཆགས་ནི་གཞིས་ཆགས་རྙིང་ཁོངས་ཤིག་རེད། གཞིས་ཆགས་དང་པོ་འགོ་འཛུགས་སྐབས་ངོས་རང་འདིར་ཡོང་སྟེ་དེ་དུས་ནས་འབྲེལ་བ་ཡོད། འདས་པའི་ལོ་ལྔ་བཅུ་ང་གྲངས་རིང་ང་ཚོ་འབྲེལ་བ་ཡོད་པ་ཞིག་རེད། བར་སྐབས་གདན་ས་ཁག་གཞིས་ཆགས་ནང་སྤོས་ནས་དར་ཁྱབ་ཕུན་སུམ་ཚོགས་པ་བྱུང་ཡོད། གཙོ་བོ་སློབ་གྲྭའི་སློབ་ཕྲུག་ཚོ་ཐུག་འདོད་བྱུང་། དུས་ཚོད་ཡོད་སྐབས་སློབ་གྲྭའི་སློབ་ཕྲུག་ཚོ་ཟུར་དུ་ཐུག་གི་ཡོད། ད་རེས་དུས་ཚོད་མེད་སྟབས། སློབ་ཕྲུག་ཚོ་ཟུར་དུ་ཐུག་རྒྱུ་བྱུང་མ་སོང་། དེ་རིང་སློབ་གྲྭའི་ཕྲུ་གུ་ཚོ་གཅིག་ཐུག་ན་དྲན་བྱུང་།
དེ་བཞིན་བོད་ནས་གཉེན་འཕྲད་དུ་འབྱོར་བ་ཁག་གཅིག་ཡོད་པ་རེད། མི་མང་ཚོ་ཐུག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ངོས་རང་ལོ་ ༨༣ སོན་པའི་མི་རྒན་གྱི་གདོང་ག་འདྲ་འདུག་ཁྱེད་ཚོར་སྟོན་སླད་ཡོང་བ་ཡིན། མི་རྒན་ཕར་ཚུར་གོམ་པ་སྤོ་བའི་སྐབས་དང་། བཞུགས་ཁྲིའི་སྟེང་ཡར་འཛེག་མར་འབབ་པའི་སྐབས་པུས་མོར་དཀའ་ངལ་འདུག
དེ་རིང་ཁྱེད་རང་ཚོ་ཐུག་རྒྱུའི་དགོས་པ་གཙོ་བ་འདི་ཡིན། དྲུག་ཅུ་ཐམ་པའི་ལོ་ནས་གཞིས་ཆགས་འདི་བཙུགས་པ་རེད། མི་རབས་བརྗེ་བཞིན་ཡོད། ངོས་རང་འདིར་ཐོག་མ་ཡོང་བའི་སྐབས་ཀྱི་མི་དེ་དག་ཧ་ལམ་རྫོགས་ཟིན་པ་རེད། དེ་བཞིན་གདན་ས་ཁག་གི་དགེ་འདུན་པའི་མཁས་པའི་དབང་པོ། བསྟན་པར་བྱ་བ་རྒྱ་ཆེར་མཛད་མཁན་མང་པོ་ཞིག་རྫོགས་ཟིན་པ་རེད། ང་ཚོ་མི་རབས་གསར་པ་ཆགས་ཀྱི་ཡོད། ཁྱེད་རང་ཚོ་ཕྲུ་གུ་དེ་དག་ཆ་བཞག་ན། འདིར་ཐོག་མར་ང་ཚོ་གཞིས་ཆགས་ཚུགས་པའི་སྐབས་ཁྱེད་རང་ཚོ་སྐྱེ་རྒྱུ་རེད།”ཅེས་གསུངས་འདུག
དེ་རྗེས་བོད་མི་རྣམས་བཙན་བྱོལ་བ་ཆགས་པའི་རྒྱུ་མཚན་སྐོར་གསུང་དོན། སོ་སོའི་ལུང་པའི་ནང་མུ་གེ་བྱུང་བའི་བཟོ་འདྲ་བོ་དང་། ཁྲིམས་འགལ་རིགས་བྱས་ནས་མ་ཡིན་པར། སོ་སོའི་མི་རིགས་ཀྱི་ཐོབ་ཐང་དང་ཆོས་དང་རིག་གཞུང་དེ་དག་ཤེས་བཞིན་དུ་གཏོར་བཤིག་བཏང་བའི་གནས་ཚུལ་ཆགས་ཡོང་སྐབས་བཙན་བྱོལ་དུ་སླེབས་པ། དེ་བཞིན་སོ་སོའི་འཕྲལ་སེལ་ལྟོ་གོས་རང་མགོ་གང་ཐོན་དོན་དུ་མིན་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པའི་ཐོག་ནས་བཙན་བྱོལ་དུ་སླེབས་ཡིན་པ། དེར་བརྟེན་དང་ཐོག་བོད་མིའི་གཞིས་ཆགས་གཅིག་པུ་ཡོད་པའི་ས་ཁུལ་ཞིག་བཟོ་རྒྱུ་དང་། དེ་བཞིན་བོད་ཡིག་དང་བོད་སྐད་ཟུར་དུ་ཡོད་པ། དེ་དང་འབྲེལ་བའི་རིག་གཞུང་སློབ་སྤེལ་བྱེད་རྒྱུ་ཡོད་པའི་བོད་པའི་སློབ་གྲྭ་ཟུར་དུ་དགོས་པའི་རེ་སྐུལ་ལྟར། སྐབས་དེའི་རྒྱ་གར་གཞུང་གི་སྲིད་བློན་ནེ་རུ་དང་རྒྱ་གར་གཞུང་གིས་ཐུགས་འཁུར་ཧ་ཅང་བཞེས་གནང་པ་སོགས་ཀྱི་སྐོར་ལ་གསུངས་འདུག
དེ་བཞིན་བོད་མིའི་གཞིས་ཆགས་ཚོ་ཡིན་ནའང་དེ་སྔའི་འཚོ་ཐབས་འགྲོ་སྟངས་ཡོད་པ་དེ་ཁོ་ནར་ཆོག་ཤེས་བྱས་ནས་མི་སྡོད་པར་ད་དུང་ཡར་རྒྱས་གཏོང་དགོས་པ་དང་། དེ་ཡང་ཞིང་ལས་འཕྲུལ་ཆས་ཅན་ལ་སྒྱུར་རྒྱུ་དང་། ཞིང་ལས་ཡིན་ནའང་ལག་ཤེས་བཟོ་ལས་ཆུང་ངུ་དེ་འདྲ་བཙུགས་པའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་ལམ་སྟོན་གནང་འདུག
༧གོང་ས་མཆོག་གིས་བོད་རྒྱ་ཆེའི་མི་མང་དོན་དག་ནམ་ཡང་བརྗེད་མི་སྲིད་པའི་སྐོར་བཀའ་སློབ་བརྩལ་དོན། “ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནད་དོན་སྐོར་ལ་ཆ་བཞག་ན་དེ་སྔ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་པ་རེད། ༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་༸རྒྱལ་དབང་རིམ་བྱོན་རྣམས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་པ་རེད།
དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ནས་བོད་ཀྱི་ཆབ་སྲིད་ཀྱི་སྒྲིག་འཛུགས་ལ་སྐྱོན་ཆ་གང་ཙམ་ཡོད་པ་ངོས་ཀྱིས་མཐོང་གི་ཡོད། ལྔ་བཅུ་ཐམ་པའི་ལོར་ངོས་ཀྱིས་ཆོས་སྲིད་གཉིས་ཀྱི་འགན་བླངས་པ་རེད། ལྔ་བཅུ་ལྔ་གཉིས་ལྔ་གསུམ་སྐབས་ངོས་ཀྱིས་ལེགས་བཅོས་ཚོགས་པ་བཙུགས་ཏེ་བསྒྱུར་བཅོས་གཏོང་དགོས་བསམས་པ་རེད། འོན་ཀྱང་དེར་རྒྱ་མིའི་གནོན་ཤུགས་ཀྱི་རྐྱེན་པས་མཐའ་འཁྱོལ་ཐུབ་མེད། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་མ་ཐག་ང་ཚོ་མང་གཙོའི་ལམ་དུ་འགྲོ་རྒྱུ་འགོ་བཙུགས་པ་རེད། ཕྱི་ལོ་ ༢༠༠༡ ལོར་ཆབ་སྲིད་ཀྱི་དབུ་ཁྲིད་འོས་བསྡུའི་ལམ་ནས་བདམས་པ་རེད། མི་མང་གིས་ཟམ་གདོང་རིན་པོ་ཆེ་ལགས་བདམས་པ་རེད། ཁོང་གིས་ལོ་བཅུ་རིང་དབུ་ཁྲིད་གནང་བ་རེད། ཕྱི་ལོ་ ༢༠༡༡ ལོར་བློ་བཟང་སེང་གེ་ལགས་མི་མང་གིས་འོས་བསྡུ་བྱས་ཏེ་དབུ་ཁྲིད་ལ་བསླེབས་པ་རེད།
ཕྱི་ལོ་༢༠༠༡ ལོར་ངོས་རང་ཕྱེད་རྒན་ཡོལ་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོར་རྒན་ཡོལ་ཆ་ཚང་ཞུས་པ་ཡིན། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་༸རྒྱལ་དབང་རིམ་བྱོན་རྣམས་ཀྱིས་བོད་ཀྱི་ལུགས་གཉིས་ཀྱི་དབུ་ཁྲིད་གནང་སྲོལ་ཡོད་པ་དེ། ངོས་ཀྱིས་དགའ་ཞིང་སྤྲོ་ཞིང་ངང་ནས་ལམ་ལུགས་དེ་མཇུག་བསྡུས་པ་རེད། ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དེ་འཁྱེར་མི་དགོས་པ་བཟོས་པ་ཡིན།
དེ་དང་ཆབས་ཅིག་ངོས་ཀྱིས་བོད་རྒྱ་ཆེ་མི་མང་རྣམས་བློས་བཏང་བ་དེ་འདྲ་རྩ་བ་ནས་མ་རེད། ངོས་ཀྱིས་ལོ་རྒྱུས་དཔེ་མཚོན་ཞིག་ཤོད་རྒྱུ་ཡོད། ན་ནིང་ངོས་རང་གྷོ་ཧ་ཊི་(Guwahati)ནས་གནམ་གྲུ་ཆུང་ཆུང་ཞིག་གི་ནང་ཕྱིན་པའི་སྐབས་གནམ་གཤིས་དེ་ཙམ་ཡག་པོ་མེད་སྟབས། གནམ་གྲུ་ཕར་ཚུར་ཧ་ཅང་འཁྲུག་ཆེན་པོ་ཐེབས་པ་རེད། འོ་ད་ཡིན་ན་འཆི་མི་ཡོང་ངམ་བསམ་པ་དྲན་བྱུང་། སྐབས་དེར་ངོས་རང་འཆི་ན་མི་གཅིག་རེད། འོན་ཀྱང་བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་གིས་ངོས་ལ་རེ་ལྟོས་བྱས་ནས་བསྡད་ཡོད་སྟབས། དེ་དག་བློ་ཕམ་ཡོང་རྒྱུ་རེད་བསམ་པ་དྲན་བྱུང་། ངོས་རང་དེར་ཡ་མཚན་བྱུང་། དེར་བརྟེན་ངོས་ཀྱིས་བོད་རྒྱ་ཆེ་མི་མང་གི་དོན་དག་དེ་ནམ་ཡང་བརྗེད་ཀྱི་མ་རེད། ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་བཞག་ཚར་བ་རེད། ད་ཆ་ངོས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད། བོད་མཐོ་སྒང་གི་ཁོར་ཡུག་དང་ས་ཆུ་གཙང་མ་ཞིག་ཡོང་བ་བྱ་རྒྱུ་དེ་ངོས་རང་གི་ལས་འགན་ཞིག་ལ་རྩི་བཞིན་ཡོད། བོད་མིའི་གཞིས་ཆགས་ཁག་གི་ཁོར་ཡུག་སྐོར་གཞོན་སྐྱེས་ཚོས་དོ་སྣང་མང་ཙམ་བྱ་དགོས་”ཅེས་གསུངས་རྗེས། བོད་མི་ཚོས་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་གནང་འདུག
ཐེངས་འདིར་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཅིག་དང་། བོད་མིའི་གཞིས་ཆགས་ཁག་དང་དེ་གར་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ཏུ་མཛད་འཕྲིན་བསྐྱངས་ཆེད། ཟླ་༡༢ པའི་ཚེས་༧ ཉིན་ནས་ཅན་ཌེ་གྷར་གནམ་ཐང་བརྒྱུད་ནས་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།