༧གོང་ས་མཆོག་གིས་ཁོང་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་ཐུབ་པའི་ཞལ་བཞེས་གནང་།
ཟླ་འདིའི་ཚེས་༡༠ ཉིན་སྟེ། དགའ་ལྡན་ལྔ་མཆོད་ཉིན་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་སའི་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བསྩལ་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “དེ་རིང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མྱང་འདས་ཀྱི་དུས་ཚིགས་དགའ་ལྡན་ལྔ་མཆོད་ཞེས་ཡོངས་གྲགས་རྩི་བཞིན་ཡོད། དེ་སྔ་ཐེངས་གཅིག་དགའ་ལྡན་དུ་དགའ་ལྡན་ལྔ་མཆོད་ཚོགས་པ་ཡིན། ཧ་ཅང་བསྐལ་བ་བཟང་པོ་བྱུང་། བར་སྐབས་ནད་ཡམས་ཀྱི་རྐྱེན་པས་ཕར་ཚུར་འགྲོ་རྒྱུར་ཏོག་ཙམ་དཀའ་ངལ་འཕྲད་པ་རེད། འོན་ཀྱང་གནད་འགག་གང་ཡང་མི་འདུག གང་ལྟར་ད་ཆ་དྲ་རྒྱའི་ལམ་ནས་འབྲེལ་བ་ཐག་ཉེ་པོ་ཞིག་བྱེད་ཐུབ་ཀྱི་ཡོད། དེ་རིང་རྗེ་རིན་པོ་ཆེའི་མཆོག་དགོངས་རྫོགས་ཡིན་པར་བརྟེན་ང་རང་ཚོ་ཚང་མས་རྗེ་རིན་པོ་ཆེ་མཆོག་དྲན་གསོ་བྱེད་དགོས། རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པ་དེ་དགའ་ལྡན་ལྷ་བརྒྱ་མའི་ནང་ཡོད་པ་དེ་རེད། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །ཞེས་དུས་རྒྱུན་དགའ་ལྡན་ལྷ་བརྒྱ་མ་འདོན་པའི་སྐབས་ཚིགས་བཅད་འདི་སླེབ་ཀྱི་ཡོད། རྗེ་རིན་པོ་ཆེའི་རྣམ་ཐར་གཙོ་བོ་ནི་མང་དུ་ཐོས་པ། ཐོས་དོན་སྒྲུབ་ལ་གཞོལ། རང་ཉིད་ཀྱི་ཉམས་མྱོང་ཇི་ལྟར་ཡོད་པ་ནང་བཞིན་གང་ལྟར་གཞུང་ཆེན་མོའི་དགོངས་པ་དང་བསྟུན་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཅིས་ཕྱིན་པ་རྗེ་རིན་པོ་ཆེ་མཆོག་གི་ང་རང་ཚོ་འདུས་ཚོགས་སུ་མར་བསྟན་ཡོད། ང་ཚོ་ཚང་མ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་ཡང་སྒོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཞིབ་ཚགས་པོའི་ཐོག་ནས་མཐའ་དཔྱོད་དང་འབྲེལ་ནས་གསུང་མཁན་དེ་ཕལ་ཆེར་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོ་མང་པོ་བྱུང་ཡོད། དངོས་གནས་བསམ་གྱི་མི་ཁྱབ་པ་རེད། ནང་གསེས་བསྡུར་བ་ཡིན་ན་རྗེ་རིན་པོ་ཆེ་མཆོག་གི་གསུང་དེ་དཀའ་གནད་ལ་བཤད་པ་མང་བ་དང་། དེ་ཙམ་གྱི་དཀའ་གནད་མེད་མཁན་རྣམས་ལ་བཤད་པ་སྤམ་བཤད་གནང་ཡོད་པ་ང་རང་ཚོས་དཔེ་ཆ་ལྟ་ཡོང་དུས་ཤེས་ཀྱི་འདུག སྟོང་ཉིད་ཀྱི་ལྟ་བའི་ཐོག་རྗེ་རིན་པོ་ཆེ་མཆོག་གི་སྔོན་ལ་ལྷག་མཐོང་ཆེན་པོ་དང་དེ་ནས་ལྷག་མཐོང་ཆུང་ངུ་། རྩ་འཇུག་གི་རྣམ་བཤད་གཉིས། ལེགས་བཤད་སྙིང་པོ་བཅས་གཞུང་ལྔ་པོ་དེ་དངོས་གནས་དྲང་གནས་ཀྱི་དབུ་མའི་ལྟ་བའི་འགྲེལ་བཤད་གཏིང་ཟབ་པོ་དང་ཧ་ཅང་སྤུས་དག་པོ་ཞིག་རེད་འདུག་”ཅེས་བཀའ་སློབ་གནང་།
༧གོང་ས་མཆོག་གིས། “དཔེ་ཆ་བལྟ་རྒྱུ་ཧ་ལཅང་གལ་ཆེན་པོ་རེད། རྗེ་རིན་པོ་ཆེ་མཆོག་གི་གསུང་པོད་བཅོ་བརྒྱད་དང་། དེའི་ནང་ནས་གོང་དུ་ཞུས་པ་བཞིན་གཞུང་ཆེན་ལྔ། ལྷག་པར་དྲང་ངེས་ལེགས་བཤད་སྙིང་པོའི་མཇུག་ལ་ཡོད་པ་རྣམས་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། གཞུང་དེ་དག་བལྟས་ཏེ་དགོངས་དོན་རྣམས་སོ་སོའི་ཉམས་ལེན་བྱེད་དགོས་”ཞེས་སོགས་ཀྱི་བཀའ་སློབ་བསྩལ།
མཇུག་མཐར་༧གོང་ས་མཆོག་གིས་ཁོང་གི་སྐུ་ཚེའི་གནས་བབས་དང་འབྲེལ་ནས་བཀའ་སློབ་གནང་དོན། “དེང་སང་བརྙན་འཕྲིན་ཆུང་ཆུང་ཞིག་གི་ནང་ལྷ་སའི་ལོ་རྒྱུས་ཐད་ཀར་སྟོན་མཁན་ཞིག་འདུག ངོས་ཀྱིས་དེ་མཐོང་ཡོང་དུས་བོད་ནང་གི་བོད་མི་རྣམས་ཀྱིས་ངོས་ལ་དད་པ་དང་ཡིད་ཆེས་ཧ་ལས་བྱེད་ཀྱི་ཡོད་སྟབས། བོད་པའི་བླ་སྲོག་དད་མོས་ངང་བཟུང་མཁན་དེ་ངོས་རང་ཆགས་ཡོད་པར་བརྟེན་དེ་དག་གི་གདོང་ལ་བསམ་བློ་གཏོང་དུས་ངོས་རང་ཚེ་རིང་པོ་བསྡད་དགོས་པ་ཞིག་བྱུང་སོང་བསམ་པ་དྲན་གྱི་འདུག བོད་རྒྱ་ཆེ་མི་མང་གི་བློ་བཞག་ས་དང་བློ་གཏད་ས། བོད་ཀྱི་སངས་རྒྱས་བསྟན་པ་དང་བོད་ཀྱི་རིག་གཞུང་རྣམས་གང་ལྟར་ངོས་ཀྱི་མིང་ཐོག་ནས་ཕན་གྱི་ཡོད། སྔ་མོར་རྒྱ་གར་དུ་སླེབ་ལ་ཉེ་བའི་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་བཤད་དུས་དེ་ཙམ་གྱི་དོ་སྣང་མེད། ང་ཚོ་རྒྱ་གར་དུ་སླེབས་ནས་འཛམ་གླིང་སྤྱི་ལ་སངས་རྒྱས་ཀྱི་བསྟན་པའི་ཟབ་རྒྱས་གནད་ལ་ཏོག་ཙམ་གོ་བ་སླེབ་རྒྱུའི་ཐད་ངོས་ཀྱིས་གང་ཙམ་ཞབས་འདེབས་བསྒྲུབས་ཡོད། སྤྱིར་ཀཿ ཐོག་དགེ་རྩའི་པཎྡི་ཏ་ཞེས་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ཡོད་པའི་སྐབས་དགེ་རྩའི་སྤྲུལ་སྐུ་མཁས་པ་ཆེན་པོ་ཞིག་འདུག ཁོང་གིས་ཕལ་ཆེར་ངོས་ལ་ལུང་བསྟན་རེད་ཅེས་ཀཿ ཐོག་དགེ་རྩེ་དམ་པས་གསུང་གི་ཡོད། ངོས་རང་ལོ་བརྒྱ་དང་བཅུ་གསུམ་འཚོ་བའི་ལུང་བསྟན་འདུག ངོས་རང་སེམས་ཤུགས་སྐྱེས་ནས་བོད་རྒྱ་ཆེ་མི་མང་གིས་ངོས་ལ་ཡིད་ཆེས་ཧ་ཅང་བྱེད་ཀྱི་ཡོད། བོད་ཀྱི་སངས་རྒྱས་བསྟན་པ་དང་རིག་གཞུང་ཡུན་དུ་གནས་པར་ངོས་ཀྱི་ཚེ་འདི་ཡུན་རིང་པོ་གནས་པ་དང་འབྲེལ་བ་ཧ་ཅང་འདུག ངོས་ཀྱིས་རྟག་པར་སྨོན་ལམ་རྒྱག་བཞིན་ཡོད། ཁྱེད་རང་ཚོས་སྨོན་ལམ་རྒྱག་གི་ཡོད་པ་རེད། ང་ཚོ་ཚང་མས་ཧུར་ཐག་བྱས་པ་རེད། ངོས་ཀྱི་ངོས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་འཚོ་ཐུབ་པ་གཏན་འཁེལ་བའི་བཟོ་འདྲ་ཞིག་འདུག ཁྱེད་རང་ཚོས་སྨོན་ལམ་སྐྱོན་ཤོག་”ཅེས་བཀའ་སློབ་བསྩལ། །
གསར་འགོད་པ་ཆོས་ཉིད་འོད་ཟེར།