༧གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གལ་ཆེན་ཡིན་གསུངས་སོང་།
ཟླ་འདིའི་ཚེས་༣༡ ཉིན་རྒྱ་གར་རྡོ་རྗེ་གདན་གྱི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་མཐོ་སློབ་དང་སློབ་གྲྭ་ཆེ་འབྲིང་༢༠ ཙམ་གྱི་སློབ་མར་༧གོང་ས་མཆོག་གིས་བདེ་སྐྱིད་ལྡན་པའི་མི་ཚེའི་སྙིང་པོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་ཉིན་དེར་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་ཆོས་རའི་ནང་དུ་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་དང་། ༧གོང་ས་མཆོག་གདན་འདྲེན་ཞུ་མཁན་གྱི་སློབ་གྲྭའི་ལས་སྣེ་བ་རྣམས་ཀྱིས་དགའ་བསུའི་གསུང་བཤད་དང་༧གོང་ས་མཆོག་གི་མཛད་རྣམ་མདོར་བསྡུས་ངོ་སྤྲོད་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། ཁོང་གི་མི་ཚེའི་ནང་དཀའ་ངལ་མང་པོ་འཕྲད་མྱོང་ཡོད་པ་དང་། ས་ཆ་མང་པོར་སླེབས་མྱོང་ཡོད་པས། དཀའ་ངལ་སེལ་ཐབས་དེ་སོ་སོ་ལ་རག་ལུས་ཡོད་པ། འཛམ་གླིང་གི་མི་ཚང་མ་གཅིག་པ་བརྩི་དགོས་པ། སློབ་མ་ཚོར་མ་འོངས་པའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཡོང་བར་འགན་ཆེན་པོ་ཡོད་པ། དེ་བཞིན་མི་ཚང་མར་དབྱེ་འབྱེད་མེད་པར་བྱམས་དང་སྙིང་རྗེ་གལ་ཆེ་ཤོས་ཡིན་སྐོར་གསུངས་ཡོད་པ་རེད།
དེ་བཞིན་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་དེ་ཁྱད་དུ་འཕགས་པ་ཞིག་ཡིན་སྐོར་དང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་རྒྱུ་གལ་ཆེན་ཡིན་སྐོར། ཤེས་ཡོན་ནི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བའི་ཐབས་ལམ་ཡིན་སྐོར། ནང་སེམས་ཀྱི་བདེ་སྐྱིད་ཡོང་ཐབས་སུ་བྱམས་པ་དང་སྙིང་རྗེ་གལ་ཆེ་ཤོས་ཡིན་པ། དུས་རབས་འདིའི་ནང་ན་གཞོན་ཚོས་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་འགན་ཁུར་དགོས་སྐོར་གྱི་བཀའ་སློབ་གནང་རྗེས། སློབ་མ་ཚོས་དྲི་བར་བཀའ་ལན་གནང་ཡོད་པ་རེད།
ཉིན་དེའི་ཕྱི་དྲོར་རྡོ་རྗེ་གདན་དུ་ཡོད་པའི་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་དུ་ཆིབས་བསྒྱུར་གནང་ནས། དགོན་པའི་རྟེན་དང་བརྟེན་པར་རབ་གནས་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།
