༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་དེབ་དབུ་འབྱེད་མཛད་པ།

ཟླ་༡༠ པའི་ཚེས་༡༦ ཉིན་རྒྱ་གར་གྱི་ཡུ་པི་མངའ་སྡེའི་མེ་རོ་ཌི་གྲོང་ཁྱེར་ནང་གི་གཞུང་གི་སློབ་གྲྭའི་ཌི་ཨཱི་ཝི་ནང་། ༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་དེབ་དབུ་འབྱེད་གནང་བ་དང་། དགེ་ལས་སློབ་ཕྲུག་༡༥༠༠ ལས་མང་བར་བཀའ་སློབ་གནང་ཡོད་འདུག

༸གོང་ས་མཆོག་གིས་འཇིག་རྟེན་ཀུན་ལ་ཁྱབ་པའི་བཟང་སྤྱོད་ཅེས་པ་དེ་ཆོས་ལུགས་ལ་མ་བརྟེན་པར། གཞི་རྩའི་མིའི་ལྷན་སྐྱེས་དང་འབྲེལ་བ་ཡོད་སྐོར་དང་།  རིན་ཐང་དེ་དག་དེང་དུས་ཤེས་ཡོན་གྱི་ལམ་ནས་གོང་མཐོར་གཏོང་ཐབས་བྱེད་དགོས་པའི་ལམ་སྟོན་བསྩལ་བ་ལྟར། སློབ་གྲྭ་དེས་མཚོན་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་ཊ་ཊ་སྤྱི་ཚོགས་ཚན་རིག་ཤེས་ཡོན་བསྟི་གནས་ཁང་སོགས་རྒྱ་གར་ཙམ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་སློབ་དེབ་ངོ་བོའི་ཐོག་ནས་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་ཐབས་བྱེད་བཞིན་པ་མཇལ་སྐབས་མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་བྱུང་བཞིན་ཡོད་སྐོར་དང་། སྤྱིར་དེང་དུས་འཛམ་གླིང་ནང་ཕྱི་དངོས་པོའི་མཐུན་རྐྱེན་གཙོ་བོར་བཟུང་ནས། ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་སྣང་མེད་དུ་གཏོང་བཞིན་པ་ལ་བརྟེན་ནས། འཛམ་གླིང་ནང་རྙོག་གྲ་བསྟུད་མར་ཡོང་བཞིན་པ་དང་། རྙོག་གྲ་དེ་དག་དྲག་པོའི་སྟོབས་ཤུགས་ཀྱི་ལམ་ནས་སེལ་ཐབས་མེད་སྟབས། ནང་གི་བསམ་བློའི་ཐོག་ནས་སེལ་དགོས་པར་བརྟེན། ཕྱི་དངོས་པོའི་འཛུགས་སྐྲུན་དང་ནང་གཤིས་རྒྱུད་ཀྱི་རིན་ཐང་བྱམས་པ་དང་བརྩེ་བ། ཆོག་ཤེས། བཟོད་བསྲན་སོགས་བཟང་པོའི་རིན་ཐང་དེ་དག་ཟུང་སྦྲེལ་ཐོག་ནས་འགྲོ་ཐུབ་དགོས་པ། དེ་བཞིན་དུས་རབས་༢༡ འདི་གང་འདྲ་ཆགས་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པར་བརྟེན། ད་ལྟ་ནས་གཞོན་སྐྱེས་མི་རབས་གསར་པ་ཚོས་གོ་སྐབས་བཟུང་ནས་འཛམ་གླིང་འཚེ་མེད་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བཟོ་ཐབས་བྱེད་དགོས་སྐོར་སོགས་བཀའ་སློབ་བསྩལ་ཡོད་འདུག

ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་དེ་དག་གོ་སྒྲིག་གནང་མཁན་ (AyurGyan Nyas)ཐེབས་རྩ་ཁང་ཡིན་འདུག་ཅིང་།  འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་གྱི་སློབ་མ་ཚོར་སློབ་ཚན་དེ་ཚོད་ལྟ་བྱ་རྒྱུ་ཡིན་འདུག བཀའ་སློབ་ཡོངས་སུ་གྲུབ་རྗེས་༸གོང་ས་མཆོག་གིས་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་མཛད་གནང་འདུག
ཚེས་༡༧ ཉིན་༧གོང་ས་མཆོག་རྒྱ་གར་བྱང་ཤར་མ་ནི་པུར་མངའ་སྡེའི་རྒྱལ་ས་ཨིམ་ཕལ་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།