༧གོང་ས་མཆོག་གིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་འདུག

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༢༢ ཉིན། ༸གོང་ས་མཆོག་གིས་ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི (Sanae Takaichi) མཆོག་ཉི་ཧོང་གི་སྲིད་བློན་དུ་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འཚམས་འདྲིའི་ནང་། ༧གོང་ས་མཆོག་གིས་ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་ (Sanae Takaichi) མཆོག་གིས་ལོ་ངོ་མང་པོའི་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པའི་མྱོང་བ་ལས་ཉི་ཧོང་རྒྱལ་ཁབ་འདི་ཉིད་དབུ་ཁྲིད་གང་ལེགས་ཐུབ་པའི་ཐུགས་ཡིད་ཆེས་ཡོད་པ་བཀའ་སྩལ་མཛད་པ་དང་སྦྲགས། དེ་སྔོན་ཉི་ཧོང་རྒྱལ་ཁབ་ཏུ་རྡུལ་ཕྲན་མཚོན་ཆའི་གནོད་སྐྱོན་ཕོག་སྟེ་དཀའ་སྡུག་ཚད་མེད་མྱངས་པར་བརྟེན། རྒྱལ་ཁབ་དེ་ཉིད་ཀྱིས་ཞི་བདེ་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་འབད་བརྩོན་ལ་ཐུགས་ཡི་རང་མཛད་འདུག མ་ཟད་མགོན་པོ་མཆོག་གིས་ངེས་གཏན་མེད་ཅིང་འཁྲུག་ཆ་དོད་པའི་དུས་སྐབས་འདིར་གྲོས་མོལ་དང་ཕྱི་འབྲེལ་ཀྱི་ཐབས་ལམ་བརྒྱུད་དཀའ་རྙོག་སེལ་དགོས་པའི་གལ་གནད་སྐོར་བཀའ་བསྩལ་འདུག
དེ་བཞིན་༧གོང་ས་མཆོག་གིས་ཐེངས་འདིར་བུད་མེད་ཅིག་ཐེངས་དང་པོར་ཉི་ཧོང་གི་སྲིད་བློན་དུ་བདམས་ཐོན་བྱུང་བར་ཐུགས་དགྱེས་ཚོར་དང་སྦྲགས། བུད་མེད་རྣམས་བྱམས་སྙིང་རྗེ་ལ་ཚོར་ཤེས་སྐྱེན་པ་ཡོད་སྐོར་ཚན་རིག་པས་བསྒྲུབས་ཡོད་ལ། སྤྱིར་བུད་མེད་རྣམས་ནི་གཞན་གྱི་བདེ་སྡུག་ལ་ཚོར་ཤེས་སྐྱེན་པ་ཡོད་ཅེས་བཀའ་བསྩལ་ཏེ། འགོ་ཁྲིད་ཀྱི་ཁྲོད་དུ་བུད་མེད་ཇེ་མང་དུ་སོང་བ་ན། འཛམ་གླིང་འདི་བཞིན་སྔར་ལྷག་བསམ་ཤེས་དང་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་ངེས་ཡིན་པ་ཐུགས་ཡིད་ཆེས་མཛད་དེ། སྲིད་བློན་མཆོག་གི་མ་འོངས་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།