༧གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་བསྩལ། 

༧གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏུན་ཧེ་(Lee Teng-hui) སྐུ་གྲོངས་པའི་གནས་ཚུལ་གསན་རྗེས། ཁོང་གི་ཤུལ་ལུས་སྐུ་ཟླ་དང་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག 

དེ་ཡང་ཕྱི་ཟླ་༧ ཚེས་༣༡ རེས་གཟའ་པ་སངས་ཉིན་ཤུལ་ལུས་སྐུ་ཟླ་ནང་མི་དང་བཅས་པར་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ༧གོང་ས་མཆོག་གིས་“ཁྱེད་ཀྱིས་མཁྱེན་གསལ་ལྟར། ངོས་རང་ཕྱི་ལོ་༡༩༩༧ ལོར་ཐའེ་ཝན་དུ་ཐོག་མར་སྐྱོད་པའི་སྐབས། ཁྱེད་ཀྱི་སྐུ་ཟླ་དང་མཇལ་བའི་སྐལ་བཟང་ཐོབ་བྱུང་བ་དང་། སྐབས་དེ་དུས་ཁོང་མི་མང་གི་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད། དེའི་རྗེས་ངེད་གཉིས་སླར་ཡང་ཐའེ་ཝན་དང་ཞི་བདེའི་སྡིངས་ས་གཞན་དུ་མཇལ་འཕྲད་བྱུང་ཞིང་། ངོས་ཀྱིས་ཁོང་ནི་བློས་ཐུབ་ཀྱི་གྲོགས་སུ་བཀུར་གྱི་ཡོད་”ཅེས་སྐུ་སྒེར་གྱི་འབྲེལ་བའི་སྐོར་གསུངས་འདུག

འདས་པོ་སྲིད་འཛིན་ཁོང་གི་མཛད་རྗེས་ཐད་ལ། ༧གོང་ས་མཆོག་གིས་“ཁོང་གིས་ཐའེ་ཝན་གྱི་མང་གཙོའི་འཕེལ་རིམ་ལ་ཕུལ་བའི་ལེགས་སྐྱེས་དེ་ནི་བླ་ན་མེད་པ་ཞིག་རེད། དེང་སྐབས་ཐའེ་ཝན་ནི་ཤེས་རིག་གིས་ཕྱུག་པའི་མང་གཙོའི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་རེད། ང་ཚོས་བྱེད་ཐུབ་པའི་ཁོང་གི་རྗེས་དྲན་ལེགས་ཤོས་དེ་ནི་ཁོང་གི་སྙིང་སྟོབས་དང་ཆོད་སེམས་དྲན་པའི་ཐོག་ནས་ཁོང་གིས་མང་གཙོ་ལ་ཕུལ་བའི་ལེགས་རྗེས་མིག་དཔེར་བལྟ་རྒྱུ་དེ་ཆགས་ཡོད་”ཅེས་གསུངས་འདུག 

ཐུགས་གསོའི་གསུང་འཕྲིན་གྱི་མཇུག་ཏུ་༧གོང་ས་མཆོག་གིས་སྲིད་འཛིན་ལི་ཏུན་ཧེ་ནི་བོད་མིའི་གྲོགས་པོ་ཞིག་ཡིན་པ་དང་། ཁོང་གིས་གང་ཐུབ་ཅི་ནུས་ཀྱིས་བོད་མིར་རྒྱབ་སྐྱོར་གནང་བྱུང་སྐོར་གསུངས་འདུག

གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཀྱང་“ངས་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་གི་ཚབ་ཞུས་ཏེ་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཏུན་ཧེ་སྐུ་གྲོངས་པར་སེམས་གཏིང་ནས་མྱ་ངན་གུས་དུད་ཞུ་རྒྱུ་ཡིན། དམ་པ་ཁོང་སྐུ་གྲོངས་པ་དེར་ཐའེ་ཝན་མི་མང་ཙམ་མ་ཟད། འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་བློ་ཕམ་དང་མྱ་ངན་ཞུ་བཞིན་ཡོད་”ཅེས་མྱ་ངན་ཞུས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།