༧གོང་ས་མཆོག་གིས་མི་རབས་བརྗེས་ཀྱང་འཐབ་རྩོད་རྒྱུན་སྐྱོང་དགོས་པའི་བཀའ་སློབ་གནང་།

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༦༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། ༧གོང་ས་མཆོག་གིས་“ང་ཚོ་མི་རིགས་གཅིག་གི་འཐབ་རྩོད་ཡིན་དུས། མི་རབས་བརྗེ་འགྲོ་གི་ཡོད་རེད་དེ། འཐབ་རྩོད་ཀྱི་རྒྱུན་དེ་མུ་མཐུད་ང་ཚོས་ཁུར་སྡོད་ཀྱི་ཡོད་རེད་”ཅེས་བཀའ་སློབ་བསྩལ་གནང་སོང་། 

དེ་རིང་སྟེ་ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༢༩ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ལོ་༦༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་དང་། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་ཉིན་གཉིས་པ་ལ། ༧གོང་ས་མཆོག་གདན་འདྲེན་ཞུས་ཏེ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་སོང་།  

བོད་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཕྱི་ནང་གི་མཁས་པ་དང་སེར་སྐྱ་མི་མང་འཛོམས་པའི་དམིགས་བསལ་གྱི་མཛད་སྒོའི་འདི་ཐོག བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ངག་དབང་ཡོན་ཏན་གྱིས་བོད་ཀྱི་ཟློས་གར་ཚོགས་པ་ནི་ཕྱི་ལོ་༡༩༥༩ ཟླ་༨ ཚེས་༡༡ ཉིན་རྒྱ་གར་བཀའ་བློན་སྤུག་ཏུ་དངོས་སུ་དབུ་བརྙེས་པ་དང་། ཐོག་མའི་ཆར་དྭང་བླང་ཚོགས་མི་༢༦ ཡོད་པ་ནས་ཚོགས་མི་དང་ལས་གཞི་རིམ་གྱིས་འཕེལ་སྟབས། ད་བར་ཚོགས་མི་དང་ལས་ཟུར་༥༠༠ ལྷག་ཙམ་གྱིས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་༣༥ ལྷག་ནང་བོད་ཀྱི་ཐུན་མིན་རིག་གཞུང་དྲིལ་བསྒྲགས་གང་ལེགས་བྱེད་ཐུབ་པ་བྱུང་བ་མ་ཟད། ལྷག་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་མུས་ཡོད་པ་དང་། དེ་བཞིན་ད་ཐེངས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་གི་གཙོ་སྐྱོང་འོག ཕྱི་ནང་གི་མཁས་པ་༢༣ ལས་གྲུབ་པའི་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་འཚོགས་བཞིན་པ་སོགས་ལས་བསྡོམས་སྙིང་བསྡུས་ཞུས་སོང་།

༧གོང་ས་མཆོག་གིས་དུས་རྒྱུན་ལྟར་ང་ཚོའི་མེས་པོ་རྣམས་ཀྱིས་བོད་ཡིག་གསར་གཏོད་མཛད་པ་དང་། དཔལ་ན་ལནྡྲའི་ཆོས་བརྒྱུད་བོད་དུ་གདན་དྲངས་པ་སོགས་རླབས་ཆེན་གྱི་མཛད་རྗེས་མང་པོ་བཞག་ཡོད་པའི་སྐོར་གྱི་བཀའ་སློབ་བསྩལ་རྗེས། ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བའི་ཚོའི་སྐོར་གསུངས་དོན། “ང་ཚོ་བཙན་བྱོལ་ལ་བསླེབས་པ་དེ་དག་གིས་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་བོད་མི་རིགས་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དེ་ཁྱེར་ཞིང་། རིག་གཞུང་གཏིང་ཟབ་དེ་ཁྱེར་ནས་དུས་ད་ལྟ་བར་དུ་བོད་ཟེར་བ་དེ་ཡལ་རྒྱུ་མེད་པར་བསྡད་པ་རེད། དེའི་རྐྱེན་པས་གང་ས་གང་དུ་ཤུགས་རྐྱེན་སླེབ་པ་དང་། རྒྱ་ནག་ལའང་ཤུགས་རྐྱེན་སླེབ་པ་ཞིག་ཆགས་བསྡད་ཡོད་རེད། དེ་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོ་ཚང་མས་ཧུར་ཐག་འབད་བརྩོན་བྱས་པའི་འབྲས་བུའང་རེད། ངས་འགོ་འདྲ་ཞིག་འཁྲིད་ཁར་བྱས། གཙོ་བོ་མི་མང་གིས་སེམས་ཤུགས་ཀྱི་ཐོག་ནས་ཧུར་ཐག་འབད་བརྩོན་བྱས་པ་དེའི་འབྲས་བུ་རེད། དེ་འདྲ་ཡིན་དུས་དེ་རིང་གོ་སྐབས་འདི་བཟུང་ནས་གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ། དེ་བཞིན་ང་ཚོ་བཙན་བྱོལ་ཡོད་མཁན་བོད་པ་ཚོའི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བསྡད་པ་དེར་ཐུགས་རྗེ་ཆེ་ཟེར་ཞུ་རྒྱུ་ཡིན།” 

དེ་བཞིན་སྐབས་སུ་བབ་པའི་ཟློས་གར་ཐད་ལ། ༧གོ་ས་མཆོག་གིས་རྒྱ་མིའི་ཟློས་གར་ཚོགས་པ་ཁག་གིས་བོད་པའི་ཞབས་བྲོ་འཁྲབ་ཐུབ་ཀྱི་ཡོད་ཀྱང་། ད་ལྟ་བར་དུ་རྒྱ་རིགས་ཀྱིས་བོད་པའི་རྣམ་ཐར་གཏོང་ལེན་བྱས་པ་ཞིག་གཟིགས་མྱོང་མེད་པ་དང་། ལྷ་མོ་ནི་ང་ཚོ་བོད་པ་རང་གི་ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་པས། དེ་སུ་གཅིག་གིས་ལད་བཟློས་མ་ཐུབ་པ་ཞིག་ཡིན་པར་བརྟེན་ནས་དགེ་མཚན་ཆེ་ཚུལ་གྱི་བཀའ་སློབ་བསྩལ་སོང་། 

གཞན་ཡང་ཁོང་གིས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ཐད་ལ་བཀའ་སློབ་གནང་དོན། “ང་ཚོ་མི་རིགས་གཅིག་གི་འཐབ་རྩོད་ཡིན་དུས། མི་རབས་བརྗེ་འགྲོ་གི་ཡོད་རེད་དེ། འཐབ་རྩོད་ཀྱི་རྒྱུན་དེ་མུ་མཐུད་ང་ཚོས་ཁུར་སྡོད་ཀྱི་ཡོད་རེད། ཤེས་སོང་ངམ། ཟློས་གར་ཚོགས་པར་ཆ་བཞག་ན། འགོ་སྟོད་ཀྱི་ཟློས་གར་ཚོགས་པ་འཛུགས་པའི་སྐབས་ཀྱི་མི་རབས་དེ་དགའ་རབ་རྫོགས་ཚར་བ་རེད། ཁྱེད་རང་ཚོ་མི་རབས་རྗེས་མ་དེ་དག་གིས་མུ་མཐུད་ནས་གཞུག་གུ་བཟུང་ནས་བྱས་བསྡད་པ་དེར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ང་ཚོ་བོད་ཀྱི་འཐབ་རྩོད་དེ། རྒྱ་གུང་ཁྲན་ཏང་དང་ང་ཚོ་འཐབ་རྩོད་བྱེད་བསྡད་པ་དེ། ང་ཚོས་འཐབ་རྩོད་བྱེད་པའི་ནུས་པ་དེ་བདེན་པ་ལ་བརྟེན་བསྡད་ཡོད་རེད། རྒྱ་གུང་ཁྲན་ཏང་གི་དེ་གོ་མཚོན་ལ་བརྟེན་བསྡད་ཡོད་རེད། དེ་འདྲ་ཡིན་དུས། འཛམ་བུ་གླིང་གི་ལོ་རྒྱུས་ཁོ་རང་ལྟོས་དང་། གོ་མཚོན་གྱི་འོག་ལ་མནན་བཞག་པ་དེ་ནམ་ཕུགས་ཁུངས་འཁྱོལ་རྒྱུ་ཡོད་མ་རེད། བདེན་པའི་ནུས་པ་དེ་ག་དུས་ཡིན་ན་ཡང་གསལ་སྡོད་ཀྱི་རེད། དེ་འདྲ་ཡིན་དུས། ང་ཚོས་དཔུང་སྟོབས་ཀྱི་ཆ་ནས་རྒྱ་ལ་ཁ་གཏད་གཅོག་བྱེད་ཡོད་མ་རེད་དེ། ཡིན་ན་ཡང་། ང་ཚོའི་བདེན་པའི་ནུས་པ་དེས་ཏན་ཏན་བདེན་པའི་མཐའ་གསལ་ཐུབ་པ་ཞིག་ཡོད་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཚང་མ་སེམས་ཤུགས་མ་ཆག་པར་ཧུར་ཐག་བྱེད་རོགས།  ང་ལ་ཆ་བཞག་ནའང་ལོ་༨༥ སླེབས་རེད། ཡིན་ནའང་ལོ་༡༠ དང་༡༥ ཕལ་ཆེར་འཚོ་ཐུབ་ཀྱི་རེད། ངས་ཧུར་ཐག་འབད་བརྩོན་བྱ་རྒྱུ་ཡིན་ལ། ཁྱེད་རང་ཚོས་ཀྱང་མུ་མཐུད་ནས་ཧུར་ཐག་འབད་བརྩོན་བྱེད་དགོས་རེད།”

གསར་འགོད་པ་དཀོན་མཆོག་རབ་བརྟན།