༧གོང་ས་མཆོག་གིས་ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད།

small1-2 ཟླ་འདིའི་ཕྱི་ཚེས་༢༨ ཉིན་༧གོང་ས་མཆོག་གིས་སྔ་འགྱུར་རྙིང་མ་པའི་ཆོས་བརྒྱུད་འཛིན་པ་ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད་གནང་ཞིང། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། བླ་ཆེན་ཁག་ཅིག་སོགས་སེར་སྐྱ་མི་མང་༧༠༠༠ ཙམ་ཕེབས་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་༧སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་ཧི་མ་ཅལ། ཅོན་ཏ་རར་གསར་བཞེངས་བྱས་པའི་སྔ་འགྱུར་རྙིང་མའི་གཏེར་ཆེན་ཉི་མ་གྲགས་པའི་ཟབ་ཆོས་ཀྱི་རྒྱུད་འཛིན་ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད་གནང་སོང་།མཛད་སྒོའི་དེའི་ཐོག་དཔལ་ས་སྐྱའི་གདུང་སྲས་རིན་པོ་ཆེ་དང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། རི་མགོ་སྤྲུལ་སྐུ་སོགས་བླ་སྤྲུལ་ཁག་དང་། དེ་བཞིན་ཁྲིེམས་ཞིབ་པ་ཆེ་ངག་དབང་འཕེལ་རྒྱས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ། ཚོགས་གཞོན་བསོད་ནམས་བསྟན་འཕེལ་གཙོས་སྤྱི་འཐུས་རྒྱུན་ལས་ཁག་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་དགོན་སྡེ་ཁགཕྱི་རྒྱལ་ནས་ཕེབས་པའི་སྦྱིན་བདག་ཁག་དེ་བཞིན་སློབ་གྲྭ་ཁག་བཅས་ནས་སེར་སྐྱ་མི་མང་༧༠༠༠ ལྷག་མཛད་སྒོར་བཅར་ཡོད་པ་རེད།

ཐོག་མར་གོང་ས་མཆོག་གིས་དར་ཚོན་གཅོད་འབྲེགས་དང་དབུ་འབྱེད་རབ་གནས་གནང་རྗེས་ཤར་སྤྲུལ་དམ་ཆོས་རིནsmall1s་པོ་ཆེ་ནས་དགོན་པའི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་། དེའི་རྗེས་སུ་ཕྱི་རྒྱལ་བ་གཏེར་ཆེན་ཉི་གྲགས་ཀྱི་ཟབ་ཆོས་རྒྱུད་འཛིན་སློབ་མ་དང་སྦྱིན་བདག་རྣམས་ཀྱི་ངོ་ཚབ་སྐུ་ཞབས་ཀྲེ་རིས་ཆིང་དང། སྲིད་སྐྱོང་བློ་བཟང་སེང་གེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ཀྱིས་རིམ་བཞིན་གསུང་བཤད་གནང་རྗེས། དད་གཏོང་ཡོན་སྦྱོར་གྱི་སྦྱིན་བདག་རྣམས་ལ་ཕྱག་འཁྱེར་དང་ཕྱག་རྟགས་གསོལ་རས་གནང་ཡོད་པ་རེད།

མཐར་༧གོང་ས་མཆོག་ནས་བླང་དོར་བཀའ་སློབ་བསྩལ་དོན། དེ་རིང་འདིར་ཉི་གྲགས་ཀྱི་དགོན་པ་གསར་གཞེངས་དང་རྟེན་འབྲེལ་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་ལ་ཆེད་མངགས་ཕེབས་པའི་སེར་སྐྱ་ཐམས་ཅད་ལ་ཞུ་རྒྱུ་ལ། དེ་རིང་གཙུག་ལག་ཁང་རྟེན་དང་རྟེན་པར་བཅས་པ་ལེགས་པར་གྲུབ་བྱས། དམིགས་ཡུལ་དེ་བསྟན་པ་དང་འགྲོ་བའི་དོན་དུ་དམིགས་བཞག་པ་ཞིག་ཆགས་ཡོད་རེད། དེ་འབྲེལ་གྱི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་བྱས། དགེ་འདུན་གྱི་འདུས་སྡེ་བཅས་པ་ལེགས་པ་གྲུབ་ནས་རྨང་གཞི་དེ་འགོ་ཚུགས་བསྡད་ཡོད་རེད། ད་དུང་རྟེན་གཞི་འདིའི་ཐོག་ནས། ལུང་རྟོགས་ཀྱི་བསྟན་པ་ལ་ཞབས་འདེགས་ལག་རྗེས་ཏོག་ཙམ་སྒྲུབ་ཐུབ་པར་ཁྱེད་རང་ཚོས་དགོངས་པ་བཞེས་ཀྱི་ཡོད་རེད།

ཤར་སྤྲུལ་རིན་པོ་ཆེས་དབུ་མཛད་པའི་ཁྱེད་རང་ཚོ་འབྲེལ་ཡོད་ཚང་མས་ལོ་ནས་ལོ་མཐུད་ནས་དཀའ་ལས་བརྒྱབ་ནས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་འདི་ཚོ་ཐོན་པ་རེད། ཞེ་དྲག་ཡག་པོ་རེད་ཐུགས་རྗེ་ཆེ་ཞེས་ཞུsmall3་གི་ཡིན། བསྟན་པ་རྙེད་དང་བཀུར་བསྟི་དང་།། བཅས་ཏེ་ཡུན་རིང་གནས་གྱུར་ཅིག། ཅེས་གསུངས་པ་ནང་བཞིན། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཀྱི་ཡོད་རེད། དེ་ལ་བསྟི་གནས་ཞིག་དགོས་ཀྱི་ཡོད་རེད་དེ་བཞེངས་པ་ལ། ནོར་ལྷ་དང་རྣམ་སྲས་དེ་ཚོས་མི་མངོན་པའི་དབྱིངས་ནས་དངོས་གྲུབ་འདྲ་གནང་གི་ཡོད་འགྲོ། གཞན་མཐོང་ཆོས་ལ་ཌོ་ལར་ཡིན་ན་རེད། ཡུ་རོ། རུ་པིས་སི་གང་ལྟར་དེ་མ་བྱུང་ན་གང་ཡང་བྱེད་རྒྱུ་མི་འདུག གང་ལྟར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་མཁན་སྦྱིན་བདག་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱོད་ཚོས་སྦྱིན་བདག་བྱས་ནས་ཞལ་འདེབས་སྤྲད་པ་དེ་རྒྱ་མཚོའི་ནང་དུ་རྡོ་གཡུགས་པ་འདྲ་བོ་མིན་པར་མཐོང་རྒྱུ་ཡོད་པ་ཞིག་ཆགས་ཡོད་རེད། ཁྱེད་རང་ཚོ་སེམས་ཀྱི་ནང་ལ་ཏན་ཏན་ཡིད་ཚིམ་པ་འདྲ་ཡོང་གི་རེད་ལ། འདི་ཕྱི་སྣོད་ཀྱི་བཀོད་པ་གྲུབ་པ་ཙམ་རེད། ནང་བཅུད་ཀྱི་སེམས་ཅན་ལུང་རྟོགས་ཀྱི་བསྟན་པ་ལ་ཞབས་འདེགས་སྒྲུབ་ཐུབ་མཁན་ཞིག་མི་ཞིག་ཐོན་དགོས་ཀྱི་ཡོད་རེད། དེ་ལས་སླ་པོ་མ་རེད། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་ཡོང་བར། སྡེ་སྣོད་གསུམ་དེ་སློབ་སྦྱོང་བྱེད་དགོས་ཀྱི་རེད། ཐོས་བསམ་སྔོན་དུ་འགྲོ་བའི་ཐོག་ནས་སྒོམ་པ་ཉམས་ལེན་བྱས་ནས་རྟོགས་པའི་ཡོན་ཏན་སྐྱེ་དགོས་པ་རེད། དེ་ལོ་ནས་ལོ་མཐུད་ན་ཡོང་དགོས་པ་རེད་མ་གཏོགས་ལམ་སང་ཡོང་རྒྱུ་ཡོད་མ་རེད། དེ་འདྲ་ཡིན་དུས་སྦྱིན་བདག་ཚོས་དངུལ་གྱི་ཐོག་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བ་ཡིན་དུས། དངོས་གནས་བཤད་སྒྲུབ་ཀྱི་བྱ་བ་ག་འདྲ་ཡོང་གི་ཡོད་པ་དེར་ཡང་ཁྱེད་རང་ཚོས་ལྟ་དགོས་པ་རེད། ཁྱེད་རང་ཚོར་ལས་འགན་ཡོད་བསམ་པ་བྱེད་དགོས་རེད།

འདིར་ལས་ཀ་སྒྲུབ་པའི་སྐབས་ལ་ས་གནས་རྒྱ་གར་གྱི་མི་མང་ཚོ་རེད། དེ་བཞིན་ས་ཁུལ་གྱི་ལས་བྱེད་པ་ཚོ་རེད། ཚང་མས་དོན་གྱིས་རྒྱབ་སྐྱོར་བྱས་ནས་གྲུབ་པ་རེད་། ང་ཚོ་སོ་སོའི་ལུང་པ་བསྡད་ཡོད་མ་རེད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་རེད། ས་ཆ་སྦར་འཐིལ་གང་མེད་པ་རེད། བྱས་ཙང་ས་གནས་ཀྱི་གཙོ་བོ་མི་མང་ཚོ་རེད། ས་གནས་ཀྱི་ལས་བྱེད་ཚོ་རེད་དོན་གྱིས་མཐུན་སྦྱོར་དང་རྒྱབ་སྐྱོར་མེད་ན་འགྲུབ་རྒྱུ་ཡོད་མ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ལས་གཅིག་གཉིས་ཕེབས་བཞུགས་འདུག ཐུགས་རྗེ་ཆེ་ཞུ་གི་ཡིན་ལ་ཁྱེད་རང་ཚོ་བརྒྱུད་ནས་ས་གནས་ཀྱི་ཡུལ་མི་ཚོ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ལུང་རྟོགས་ཀྱི་བསྟན་པ་རེད། ལུང་རྟོགས་ཀྱི་བསྟན་པ་དེ་མིའི་ཤེས་རྒྱུད་ལ་ཚང་དགོས་ཀྱི་ཡོད་རེད་མ་གཏོགས། ཕྱི་ལོག་ལ་མཛུབ་མོ་འཛུག་ས་ཡོད་མ་རེད་ཅེས་སོགས་གསུངས་སོང་།

དེ་རྗེས་ཉི་གྲགས་རིན་པོ་ཆེ་མཆོག་དང་ཤར་སྤྲུལ་རིན་པོ་ཆེ། སྡེ་དགེ་ས་གནས། ཅོན་ཏ་ནང་ཆེན་ས་གནས། སྦིར་བོད་ཚོགས་ས་གནས་གསུམ་དང་སྦྱིན་བདག་ཁག་བཅས་ནས་བཀའ་དྲིན་གཏང་རག་གི་ཆེད་དུ་མཎྜལ་དང་བརྟན་བཞུགས་བསྟར་འབུལ་ཞུས་སོང། མཐར་མཁན་པོ་ཐུབ་བསྟན་འཇམ་དཔལ་ལགས་ནས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་རེད། ཉིན་གུང་ཞལ་ལག་གྲུབ་རྗེས་༸གོང་ས་མཆོག་རྫོང་གསར་བཤད་གྲྭ་ལ་ཆིབས་སྒྱུར་གནང་རྗེས་ཕྱིར་སྔ་འགྱུར་རྙིང་མའི་དགོན་པ་ཟབ་གསང་ཆོས་འཁོར་གླིང་དུ་ཕེབས་ནས་བཞུགས་སོང་།།