༧གོང་ས་མཆོག་གིས་འཛིན་སྐྱོང་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་བསྩལ་བ།

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༡ ནས་དྷ་ས་གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་འགོ་འཛུགས་བྱས་པའི་ཉིན་གྲངས་བཞི་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་དྲུག་པ་དེ་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་ས་གནས་འགོ་འཛིན་༣༥ དང་ལྷན། སོ་ནམ་སློབ་སྟོན་པ་དང་མཉམ་འབྲེལ་གྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་འདུག

པར། དགའ་ལྡན་ཕོ་བྲང་།

དགའ་ལྡན་ཕོ་བྲང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་༡༡ ཚེས་༡༣ ཉིན་གྱི་སྔོ་དྲོ། ༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཚོགས་བཅར་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་སྐབས། ༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་འདི་ཙམ་ཕྱིན་པ་རེད། ང་རང་ཚོས་ཆོས་དང་རིག་གཞུང་ལ་བདག་པོ་ཡག་པོ་བརྒྱབ་ནས་བསྡད་པ་རེད། མཁྱེན་སོང་ངམ། ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ནས་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་ནས་བརྒྱུད་པའི་ཚད་མའི་སྐོར་ནས་ཡིན་ནའང་རེད། མཛོད་འདུལ་སྐོར་ཡིན་ནའང་རེད། གང་ལྟར་གཏིང་ཟབ་མོ་དང་ཧ་ཅང་སྤུས་དག་པོ་རེད།
གཞུང་རྣམས་དོན་དག་ཧ་ཅང་གཏིང་ཟབ་མོ་ཡོད་པས་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་ཐེབས་ཐུབ་པ་ཞིག་རེད། དེར་བརྟེན། ང་ཚོ་བོད་ལ་སློབ་སྦྱོང་གཏིང་ཟབ་མོ་བྱ་རྒྱུ་ཡོད་པའི་རིག་གཞུང་ཞིག་ཡོད་པ་རེད། མཁྱེན་སོང་ངམ། ང་ཚོ་བོད་རིགས་ལ་སྐྱེས་པའི་སྐྱེ་གོ་ཆོད་པ་ཞིག་རེད། བོད་མི་རིགས་ལ་སྐྱེས་ནས་སློབ་སྦྱོང་བྱེད་དུས་བསམ་བློའི་འགྲོ་སྟངས་སོགས་རྒྱ་ཆེ་ལ་གཏིང་ཟབ་པ་སུ་གཅིག་ལའང་སྨོན་དགོས་པ་མི་འདུག

ང་ཚོ་བོད་ཀྱི་རིག་གཞུང་བཤད་དུས་གཏིང་རིང་པོར་བསམ་བློ་གཏོང་རྒྱུ་ཡོད་པ་དང་། སེམས་ཁམས་རིག་པ་དང་འབྲེལ་ནས་ཧ་ཅང་རྒྱ་ཆེན་པོ་ཡོད་པ་ཞིག་རེད། གང་ལྟར་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་རེད། སྔར་ཆོས་རྒྱལ་ཚོའི་སྐབས་ནས་རིག་གནས་གཏིང་ཟབ་ཅིག་བཙུགས་པ་རེད་ལ། དུས་ཕྱིས་ས་སྐྱ་པཎ་ཆེན་ལ་སོགས་པས་གཞུང་མང་པོར་གཟིགས་ནས་བོད་ཀྱི་རིག་གཞུང་ཟེར་དུས་གཞུང་རྒྱ་ཆེན་པོར་སྤེལ་ཡོད་པ་ཞིག་རེད། ཧ་ཅང་ཡག་པོ་རེད།
ངོས་རང་ལ་ཆ་བཞག་ན་༸རྒྱལ་དབང་གི་མིང་ཐོགས་ཡོད་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་འདི་ལ་ག་ཚོད་ཐུབ་ཐུབ་ཀྱིས་ང་ཚོའི་མི་ཚོས་དོ་སྣང་བྱེད་ཀྱི་ཡོད། བོད་རིགས་ཙམ་མ་ཡིན་པར་དེང་སང་འཛམ་གླིང་ས་ཁུལ་མང་པོར་བོད་ཀྱི་རིག་གཞུང་ལ་དོ་སྣང་གསར་པ་བྱེད་བཞིན་འདུག དེར་བརྟེན། ང་ཚོ་བོད་ཀྱི་རིག་གཞུང་འཛམ་གླིང་སྟེང་ལ་ངོམ་རྒྱུ་ཞིག་རེད། ང་ཚོ་བོད་པ་ཟེར་དུས་ལྐུག་པ་ལྟ་བུ་ཞིག་རྩ་བ་ཉིད་ནས་ཆགས་མེད། ང་ཚོར་རིག་གཞུང་གཏིང་ཟབ་ཡོད་པ་དང་། མི་ཐོག་མང་པོའི་རིང་བདག་པོ་བརྒྱབ་ནས་བསྡད་པ་རེད། ད་དུང་འབྱུང་འགྱུར་ང་ཚོར་གཏིང་ཟབ་པའི་རིག་གཞུང་ཡོད་པ་འདི་ལ་བདག་པོ་ཡག་པོ་རྒྱག་དགོས། གནས་ཚུལ་ལ་བལྟས་པ་ཡིན་ན། རྒྱ་ནག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་ཆེན་པོ་ཡོང་བའི་རྟགས་འདུག གང་ལྟར་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་འདི་རྒྱ་ཆེན་པོ་དང་གསལ་བོ་ཧ་ཅང་ཡག་པོ་རེད།
ང་ཚོའི་རིག་གཞུང་འདིའི་ཐོག་ནས་འཛམ་གླིང་གི་དེང་དུས་ཀྱི་ཤེས་ཡོན་ཡང་སྦྱང་ཐུབ་པ་རེད། དེང་སང་ཚན་རིག་པ་མང་པོ་ངོས་ལ་ཐུག་འཕྲད་དུ་ཡོང་གི་འདུག ངོས་ཀྱིས་ཚན་རིག་ལ་དམིགས་བསལ་སྦྱང་མེད་ཀྱང་། ནང་པའི་འགྲོ་སྟངས་ཀྱི་ཐོག་ནས་རྒྱུས་ཡོད་པ་དེས་ཚན་རིག་གི་ཐོག་ལའང་ཧ་ཅང་ཕན་ཐོགས་འདུག དེང་སང་ཚན་རིག་པ་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་གཏིང་ཟབ་མོ་འདི་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བསྩལ་རྗེས་བོད་ཀྱི་རྒྱལ་གླུ་བཏང་བཅུག་སྟེ་མཇལ་ཁ་ལེགས་པར་གྲུབ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།