༧གོང་ས་མཆོག་གིས་རྒྱ་གར་གྱི་དཔེ་དེབ་གསུམ་དབུ་འབྱེད་གནང་།

ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་ལོ་རྒྱུས་བཤད་སྟངས་འདྲ་མི་འདྲ་ཡོང་གི་ཡོད་རེད་དེ། དངོས་ཡོད་གནས་ཚུལ་ག་རེ་བྱུང་ཡོད་པ་དེ་མི་རབས་རྗེས་མ་ཚོས་བཤད་ཐུབ་པ་བཟོ་རྒྱུ་དེ་གནད་འགག་ཆེན་པོ་ཞེ་དྲག་རེད་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

14957999_265323747203021_372567618_oདེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་བྷེ་ཇི་པི་ཆབ་སྲིད་ཚོགས་པའི་ཚོགས་མི་དང་ཧི་མ་ཅལ་གྱི་མངའ་སྡེ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་(Shanta Kumar) གྱིས་བརྩམས་པའི་ཧི་མ་ལ་ཡའི་གྲིབ་གཟུགས་དམར་པོ་(Himalya Par Lal Chhaya) ཞེས་པའི་དེབ་གཅིག་དང་། ཁོང་གི་སྐུ་ཟླ་སན་ཊོ་ཤི་ཤལ་ཇས་(Santosh Shailja) བྲིས་པའི་གལ་སྲིད་སྟོན་ཀ་སླེབས་ན་(If autumn comes) ཞེས་པའི་དེབ་གཅིག གཞན་འབུམ་རམས་པ་ཧེམ་ར་ཇི་ཀོ་ཤིག་(Dr Hemraj Koushik) གིས་བྲིས་པའི་ཤན་ཏ་ཀུ་མར་གྱི་མི་ཚེའི་ལོ་རྒྱུས་ཀྱི་དེབ་གཅིག་བཅས་ཀྱི་དབུ་འབྱེད་མཛད་སྒོ་འཚོགས་པ་དང་། དེར་༧གོང་ས་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། རྒྱ་གར་གྱི་ལས་བྱེད་ཁག་ཅིག་ཕེབས་འདུག

མཛད་སྒོའི་སྐབས་༧གོང་ས་མཆོག་གིས་ཐོག་མར་འཚམས་འདྲི་གནང་བ་དང་དེབ་དབུ་འབྱེད་ཀྱི་སྐོར་གསུང་དོན་དུ། “གང་ལྟར་མི་སྐྱེས་པའི་མཐར་འཆི་བ་དེ་འཇིག་རྟེན་གྱི་ཆོས་ཉིད་རེད། རྒས་འགྲོ་བ་ཆོས་ཉིད་རེད། གལ་ཆེ་ཤོས་དེ་སོ་སོ་གསོན་པའི་རིང་ལ་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁྱེད་རང་ལ་ཆ་བཞག་ན། ཆབ་སྲིད་ཀྱི་ལས་འགན་མང་པོ་ཞིག་འཁུར་ནས། ལས་ཀ་རིམ་པ་མང་པོ་བྱས་སྟེ། སྤྱི་ཕན་གྱི་དོན་དག་མང་པོ་ཞིག་བསྒྲུབས་ཡོད་རེད། དེ་དང་ཆབས་ཅིག་ད་ལྟ་ལོ་རྒྱུས་ཀྱི་དེབ་གཅིག་བྲིས། དེ་བཞིན་ཁྱེད་རང་གི་ལྕམ་ལགས་ཀྱིས་ཀྱང་དེབ་གཅིག་བྲིས་ནས། གང་ལྟར་དངོས་ཡོད་ཀྱི་ལོ་རྒྱུས་ག་རེ་བྱུང་བ་དེ། ཁྱེད་རང་གི་ཉམས་མྱོང་ཐོག་ནས་དངོས་སུ་མཐོང་ཐོས་བྱུང་བ་དེ་ཡིག་ཐོག་ལ་མར་ཕབ་ནས་བྲིས་བཞག་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ལོ་རྒྱུས་ཟེར་བ་དེ་གནས་སྡོད་ཀྱི་རེད། ཡང་ཕྱོགས་གཞན་ཞིག་ནས་ལོ་རྒྱུས་ངོ་མ་དེ་གསལ་པོ་དགོས་རེད། ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་ལོ་རྒྱུས་བཤད་སྟངས་འདྲ་མི་འདྲ་དེ་འདྲ་ཡོང་གི་ཡོད་རེད་དེ། དངོས་ཡོད་གནས་ཚུལ་ག་རེ་བྱུང་བསྡད་པ་དེ་ཡིག་ཐོག་ལ་བཀོད་ནས་ད་ལྟའི་ང་རང་ཚོའི་མི་རབས་ཙམ་མ་ཡིན་པར་མི་རབས་རྗེས་མ་ཚོ་ཡིན་ན་ཡང་། དེ་བཤད་ཐུབ་མཁན་བཟོ་རྒྱུ་དེ་གནད་འགག་ཆེན་པོ་ཞེ་དྲག་རེད་འདུག དེར་བརྟེན་ཁྱེད་རང་གིས་དེབ་འདི་འདྲ་ཞིག་བྲིས་པར་ཐུགས་རྗེ་ཆེ་ཞུ།”ཞེས་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན་དུ། “དུས་རབས་ཉི་ཤུ་པ་དེ་མིའི་ལོ་རྒྱུས་ནང་ཕལ་ཆེར་འཁྲུག་པོ་ཞེ་དྲག་གི་དུས་རབས་ཤིག་རེད་འདུག ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་ནས་མི་ལ་ཕན་ཐོགས་ཡོད་པའི་རིགས་དེ་དུས་རབས་ཉི་ཤུ་པའི་ནང་ཡར་རྒྱས་ཞེ་དྲག་ཕྱིན་ཡོད་རེད།  དེ་དང་ཆབས་ཅིག་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་འཛམ་བུ་གླིང་འདིའི་སྒང་ལ་དམག་ཆེན་དང་པོ་དང་གཉིས་པ། ཀོ་རི་ཡའི་དམག་འཁྲུག་དང་། ཝེ་ཏི་ནམ་གྱི་དམག་འཁྲུག་བཅས་ཀྱིས་མཚོན་པའི་མདོར་ན་དུས་རབས་ཉི་ཤུ་པའི་ནང་ལ་དམག་འཁྲུག་ཤུགས་ཆེན་པོ་བྱུང་འདུག ལོ་རྒྱུས་སྨྲ་བ་ཚོས་བཤད་སྐབས་དུས་རབས་ཉི་ཤུ་པའི་ནང་འཁྲུག་རྩོད་ཀྱི་ཐོག་ནས་མི་བསད་པ་དེ་ས་ཡ་༢༠༠ ལྷག་ཙམ་བཤད་ཀྱི་འདུག རྙོག་གྲ་ཆེན་པོ་ཞེ་དྲག་ཡོད་བསྡད་པའི་དུས་རབས་ཤིག་གི་ནང་ལ་ཨེ་ཤི་ཡ་ལུང་པའི་ནང་ལ་འགྱུར་བ་ཆེན་པོ་ཞེ་དྲག་ཕྱིན་ཡོད་རེད། དེའི་ནང་ལ་བོད་ཀྱི་གནས་ཚུལ་དེ་འགྱུར་བ་གཅིག་ཆགས་ཀྱི་ཡོད་རེད།”ཅེས་གསུངས་སོང་།

ཡང་ཁོང་གིས་“དུས་རབས་ཉི་ཤུ་པའི་ནང་ལ་མི་གསོད་ཁྲག་སྦྱོར་ཞེ་དྲག་བྱུང་ནས། མི་ས་ཡ་༢༠༠ ལྷག་ཙམ་འདས་གྲོངས་སུ་གྱུར་པ་དེ་དག་གི་ཤུལ་ལུས་ས་ཡ་མང་པོར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མི་རབས་རྒན་པ་ཚོར་བཤད་རྒྱུ་འདུག གང་ལྟར་གོ་མཚོན་གྱི་ཐོག་ནས་རང་རྒྱལ་གཞན་ཕམ་བྱེད་རྒྱུའི་བསམ་བློ་ཤུགས་ཆེན་པོ་ཞེ་དྲག་བྱུང་འདུག དེ་འདྲའི་བག་ཆགས་རྙིང་པ་དེ་ད་ལྟ་དུས་རབས་༢༡ གི་འགོ་སྟོད་དུ་ཡོད་པ་ཞིག་རེད། དེའི་རྐྱེན་པས་ད་ལྟ་དཀྱིལ་ཤར་གྱི་ལུང་པ་སོགས་སུ་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག དེ་ཚོའི་གྲས་དེ་ངས་ནམ་རྒྱུན་རྟག་པར་བཤད་ཀྱི་ཡོད། དུས་རབས་ཉི་ཤུ་པའི་ནང་ལ་བསམ་བློའི་འཁྱེར་སོ་དེ་དཀའ་ངལ་འཕྲད་ན་ལམ་སང་སྟོབས་ཤུགས་ཀྱི་ཐོག་ནས་སེལ་རྒྱུའི་བསམ་བློ་ཡོད་དུས། དེའི་བག་ཆགས་དེ་ད་ལྟ་དུས་རབས་༢༡ གི་མགོ་ལ་ཡང་མར་སླེབས་བསྡད་པ་ཞིག་རེད། ཨེ་ཤི་ཡའི་ནང་དུ་བྱུང་བའི་གནས་ཚུལ་གྱི་ཁྲོད་ནས་བོད་ཀྱི་གནས་ཚུལ་འགྱུར་བ་ཕྱིན་པ་ལ་བརྟེན། ད་ལྟ་ཡིན་ན་ཡང་དཀའ་ངལ་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས། ང་གཅིག་པུ་མིན་པར་ཤེས་ཡོན་ཅན་དང་། མཁས་པ་ཚོའི་ནང་ལ་དུས་རབས་༢༡ པ་དེ་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་ཀྱི་འདུག་ཟེར་བ་གཅིག་གྱུར་གྱི་བསམ་བློ་ཡོང་གི་འདུག   འཚེ་བ་བྱས་ནས་དཀའ་ངལ་སེལ་རྒྱུ་ཞེ་དྲག་ཁག་པོ་རེད་འདུག འཚེ་བས་མིའི་སེམས་ལ་ང་རྒྱལ་དང་ཁོང་ཁྲོ་ཤུགས་ཆེ་རུ་གཏོང་གི་ཡོད་རེད། གང་ལྟར་འཚེ་བ་ཡོང་བའི་རྒྱུ་གཙོ་བོ་དེ་སེམས་ནང་གི་ཞེ་སྡང་དང་ཆགས་སྡང་དེ་ཚོ་རེད།”ཅེས་དང་། འཚེ་བ་མེད་པའི་ལྟ་གྲུབ་ནི་ཞེད་སྣང་ཐོག་འགུལ་བསྐྱོད་གཏན་ནས་བྱེད་མི་ནུས་པ་ལས་བྱུང་བ་མིན་པར་འཚེ་བ་བྱེད་རྒྱུའི་ནུས་པ་ཡོད་བཞིན་དུ་གཞན་ལ་བརྩེ་བའི་ཐོག་ནས་འཚེ་བ་མི་བྱེད་པ་ལ་ཟེར་གྱི་ཡོད་པས། ད་བར་གྱི་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་བྱས་ནས་དུས་རབས་༢༡ པ་དེ་གཙོ་བོ་ཤེས་ཡོན་གྱི་ཐོག་ནས་སྙིང་རྗེ་ལྡན་པ་ཞིག་བཟོ་ཐུབ་དགོས་ཀྱི་ཡོད་སྐོར་བཅས་ཀྱང་གསུངས་སོང་།

གཞན་ད་དུང་ཁོང་གིས་“ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༤ པའི་ནང་རྒྱ་གར་དུ་འབྱོར་ཏེ་བཙན་བྱོལ་བ་ཆགས་ནས། ཐོག་མར་ལོ་གཅིག་རིང་མ་སུ་རིར་བསྡད་རྗེས་ཕལ་ཆེ་༡༩༦༠ ལོའི་ཟླ་བ་ལྔ་པ་དྲུག་པའི་ནང་དྷ་སར་འབྱོར་ཏེ། ད་བར་འདས་པའི་མི་ལོ་༥༦ རིང་ཧི་མ་ཅལ་ནང་བསྡད་ཡོད་རེད། དེའི་རིང་ལ་ལུས་སེམས་བག་ཕེབས་ནས་བསྡད་རྒྱུ་ཡོད་པ་ཞིག་དང་། ད་ལྟ་ངས་བཤད་མ་ཐག་པ་བཞིན་འཛམ་བུ་གླིང་སྤྱི་ལ་ཕན་པ་ཞིག་དང་། ཡང་སྒོས་རྒྱ་གར་ནང་ལ་གནའ་རབས་ཀྱི་ལྟ་སྤྱོད་བཟང་པོ་ཡོད་བསྡད་པ་དེའི་ཐོག་དོ་སྣང་ཡོང་བར་འབོད་སྐུལ་བྱེད་རྒྱུ་དང་། ངོ་སྤྲོད་བྱེད་རྒྱུ་མང་པོ་བྱུང་། དེ་དང་ཆབས་ཅིག་ང་ཚོས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད། ༢༠༡༡ ལོ་ནས་བཟུང་ངས་ཆབ་སྲིད་ཀྱི་ལས་འགན་བཞག་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་ཐད་ང་མ་ཤི་བར་དུ་ང་ལ་འགན་ཡོད་རེད། གང་ཐུབ་ཅི་ཐུབ་ཀྱིས་དེའི་སྐོར་ལ་འབད་བརྩོན་བྱེད་བསྡད་ཡོད།”  ཅེས་གསུངས་སོང་།

སྐུ་ཞབས་ཀུ་མར་གྱིས་བརྩམས་གནང་བའི་ཧི་མ་ལ་ཡའི་གྲིབ་གཟུགས་དམར་པོ་(Himalya Par Lal Chhaya) ཞེས་པའི་དེབ་འདི་ནི་ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ལ་བརྟེན་ནས་དམག་འཁྲུག་བྱུང་བའི་རྗེས་སུ་བྲིས་པ་ཞིག་ཡིན་འདུག་ལ། དེབ་འདི་བརྩམས་ནས་མི་ལོ་༥༠ ཡི་རྗེས་སུ་བསྐྱར་དུ་དཔར་སྐྲུན་བྱས་པ་ཞིག་ཡིན་འདུག