༧གོང་ས་མཆོག་གིས་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ།
དེ་རིང་སྟེ་རྒྱ་གར་གྱི་སྲིད་བློན་མོ་དྷི་དགུང་ལོ་༧༠ ལ་ཕེབས་པའི་འཁྲུངས་སྐར་ཉིན། ༧གོང་ས་མཆོག་གིས་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་ནས་ནད་མེད་ཚེ་རིང་ཡོང་བའི་ཐུགས་སྨོན་མཛད་པ་དང་སྦྲགས། རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་༦༡ རིང་ཁོང་དང་ཁོང་གི་མི་མང་རྣམས་ལ་བྱམས་བརྩེའི་སྣེ་ལེན་ཟབ་རྒྱས་གནང་བར་བཀའ་དྲིན་ཆེ་ཞུས་གནང་འདུག
༧གོང་ས་མཆོག་གིས་དེ་རིང་རེས་གཟའ་ཕུར་བུའི་ཉིན་བསྩལ་བའི་གསུང་འཕྲིན་དེའི་ནང་། ཁོང་གིས་“འདི་ལོ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་། མི་མང་རྣམས་ལ་དམིགས་བསལ་གྱིས་ཁག་པོ་ཆགས་ཡོད། ངོས་ཀྱིས་མཉམ་ལས་བྱེད་བཞིན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་རིང་བར་ནད་ཡམས་སྟངས་འཛིན་ཐུབ་པ་དང་། སྔོན་འགོག་གི་སྨན་གསར་བཟོ་ཐུབ་པའི་རེ་སྨོན་བྱེད་ཀྱིན་ཡོད། རྒྱ་གར་ནང་ལ་ཆ་བཞག་ན། མི་མང་ལ་འཕྲད་པའི་དཀའ་ངལ་སེལ་བའི་ཆེད་དུ། དབུས་དང་མངའ་སྡེའི་གཞུང་ནས་གང་ཐུབ་ཅི་ནུས་བྱེད་ཀྱི་ཡོད། དཀའ་སྡུག་ཆེན་པོ་དེར་གདོང་ལེན་བྱེད་སླད་ཁྱེད་ཀྱིས་དགོས་ངེས་ཀྱི་ལས་དོན་བསྒྲུབས་པ་རྣམས་ལ་ངོས་ཀྱིས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་”ཅེས་གསུངས་པའི་ཐོག མི་མང་གི་ལུས་སེམས་ཀྱི་བདེ་ཐང་ལ་ཉེན་ཁ་འཕྲད་པ་མ་ཟད། འཚོ་རྟེན་ཤོར་བ་དང་། བུ་ཕྲུག་ཚོའི་སློབ་སྦྱོང་ལ་བར་ཆད་འཕྲད་པ་སོགས་པའི་དཀའ་སྡུག་སྣ་ཚོགས་ཡོང་བཞིན་པའི་དུས་སྐབས་འདིར། ང་ཚོ་ཞི་བདེ་བག་ཕེབས་ངང་མདུན་དུ་སྐྱོད་དགོས་ན། བྱམས་བརྩེའི་རྒྱབ་རྟེན་ཅན་གྱི་འཚེ་མེད་ཞི་བའི་ཐབས་ལམ་ལ་བསྟེན་དགོས་པའི་སྐུལ་མའང་གནང་འདུག
དེ་བཞིན་ཁོང་གིས་རྒྱ་གར་ནི་བོད་མི་ཚོས་འཕགས་པའི་ཡུལ་དུ་བརྩི་སྲོལ་ཡོད་སྐོར་གསུངས་པ་མ་ཟད། “འདས་པའི་ལོ་ངོ་༦༡ རིང་རྒྱ་གར་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་ཡུལ་ཡང་ཡིན་སྟབས། ངོས་ཀྱིས་སླར་ཡར་གོ་སྐབས་འདི་བཟུང་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་བྱམས་བརྩེའི་སྣེ་ལེན་ཟབ་རྒྱས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཆོག་པ་ཞུ་”ཞེས་གསུང་འཕྲིན་གྱི་མཇུག་བསྐྱངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།