༧གོང་ས་མཆོག་གིས་ཧི་མ་ཅལ་དུ་དྲག་ཆར་གོད་ཆག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།
ཉེ་ཆར་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཤུགས་ཆེན་པོ་བབས་པའི་རྐྱེན་གྱིས་ས་གནས་མང་པོར་ས་རུད་པ་དང་ལམ་ཞིག་པ། ཁང་པ་ལྡིབ་པ་དང་ཚེ་སྲོག་ཤོར་མཁན་མང་པོ་བྱུང་ཡོད་པར་བརྟེན། དེ་རིང་༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་༼Sukhwinder Singh Sukhu༽ མཆོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

གསུང་འཕྲིན་གྱི་ནང་། ༸གོང་ས་མཆོག་གིས་ངོས་ནས་ཁྱེད་རང་དང་། གོད་ཆག་གི་ཁྲོད་ནས་འདས་གྲོངས་སུ་ཕྱིན་པའི་ཤུལ་ལུས་ནང་མི་རྣམས་ལ་སྨོན་ལམ་དང་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་དང་།
མངའ་སྡེའི་གཞུང་དང་འབྲེལ་ཡོད་ལས་ཁུངས་ཚང་མས་ཛ་དྲག་གི་གནོད་སེལ་དང་སྐྱར་གསོའི་ལས་དོན་སྒྲུབ་བཞིན་པ་ངོས་ཀྱིས་ཤེས་ཀྱི་ཡོད། མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཚོན་ཆེད་དུ། ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་གནོད་སེལ་དང་སྐྱར་གསོའི་ལས་དོན་ཆེད་ཞལ་འདེབས་ཤིག་འབུལ་དུ་བཅུག་ཡོད་ཅེས།
ཁྱེད་རང་གིས་མཁྱེན་གསལ་ལྟར། དྷ་རམ་ས་ལ་ནི་ངོས་ཀྱི་ལོ་ངོ་༦༥ ལྷག་གི་བཞུགས་གནས་གྱུར་ཡོད། ངོས་ཀྱིས་རྒྱུན་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ང་ཚོའི་སྤྱི་ཁྱབ་བློན་ཆེན་ཞེས་འབོད་ཀྱི་ཡོད། ཧི་མ་ཅལ་མངའ་སྡེའི་སྤྱི་ཚོགས་ཚང་མའི་མི་མང་གིས་ངོས་དང་ངོས་ཀྱི་བོད་རིགས་སྤུན་ཟླ་ཚོར་ལོ་ངོ་འདི་དག་རིང་མཛའ་མཐུན་དང་བྱམས་སྐྱོང་གནང་བར་ངོས་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
སྤྱིར་ལོ་ལྟར་ཆར་དུས་སུ། ཧི་མ་ཅལ་མངའ་སྡེའི་ནང་ཆར་ཆུ་རྐྱེན་པས་ཆུ་ལོག་འབྱུང་པ་དང་། གཞུང་ལམ་ཆད་པ། ཁང་པ་ཞིག་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། ན་ནིང་ཆར་དུས་ཀྱི་སྐབས་སུ། ཧི་མ་ཅལ་མངའ་སྡེ་ལ་དཔལ་འབྱོར་གྱི་གྱོང་གུད་ཀ་རོ་༼Crore༽ ༧༠༢༠།༢༨ ཙམ་ཕོག་ཡོད་འདུག ད་ལོ་ཡང་ཆར་ཆུའི་དབང་གིས་མི་གྲངས་༢༩༨ ཀྱི་ཚེ་སྲོག་ཤོར་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།