༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་བྷའེ་ཌན་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།
སྐུ་ཞབས་རྗོ་བྷའེ་ཌན་གྱིས་དངོས་སུ་སྲིད་འཛིན་དམ་འབུལ་ཞུས་ཏེ་ཨ་རིའི་སྲིད་འཛིན་ཐེངས་༤༦ པར་གྱུར་བར། ༧གོང་ས་མཆོག་གིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་བསྩལ་འདུག
ཕྱི་ཟླ་༡ ཚེས་༢༡ ཉིན་བསྩལ་བའི་གསུང་འཕྲིན་དེའི་ནང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་“ངོས་རང་ང་ཚོའི་གོ་ལར་འཕྲད་བཞིན་པའི་སྐྱེ་ཁམས་ཁོར་ཡུག་གི་དཀའ་ངལ་ལ་སེམས་ཁུར་ཟབ་མོ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་གལ་གནད་ཆེ་ཤོས་སུ་བརྩིས་པ་དང་། ཨ་རི་ཕེ་རཱ་སིའི་གནམ་གཤིས་སྲུང་སྐྱོབ་ཀྱི་གྲོས་མཐུན་ལ་བསྐྱར་དུ་ཞུགས་བཞིན་པ་དེར་ཧ་ཅང་དགའ་པོ་བྱུང་། གོ་ལའི་གནམ་ཤིས་ཚ་དྲོད་ནི་འཛམ་གླིང་ཧྲིལ་པོ་དང་། ང་ཚོ་འགྲོ་བ་མིའི་རིགས་ལ་འཕྲད་པའི་ཛ་དྲག་གི་ཉེན་ཁ་ཞིག་ཆགས་ཡོད་”ཅེས་གསུངས་འདུག
དེ་བཞིན་ཁོང་གིས་ཨ་རི་འཕེལ་རྒྱས་ཡོང་ཐབས་སུ་སྒྲུབ་བཞིན་པའི་བྷའེ་ཌན་གྱི་ལས་དོན་དག་ལ་བསྔགས་བརྗོད་མཛད་པ་མ་ཟད། “ངོས་ནི་ཁྲིམས་ཀྱི་སྒྲིག་གཞི་དང་། ཆོས་དད་རང་དབང་། མང་གཙོ། རང་དབང་བཅས་ཀྱི་རྟེན་གཞིར་གྱུར་བའི་ཁྱེད་ཀྱི་རྒྱལ་ཁབ་ལ་ཡུན་རིང་ཡི་རང་བསྔགས་བརྗོད་བྱེད་མཁན་ཞིག་ཡིན། འཛམ་གླིང་ཡོངས་ཀྱིས་ཨ་རིའི་སྣེ་ཁྲིད་དང་། ཨ་རིའི་མང་གཙོའི་ཕུགས་འདུན་ལ་རེ་བ་བཅོལ་གྱི་ཡོད། དཀའ་ངལ་ཆེ་བའི་དུས་སྐབས་འདིར། ཁྱེད་ཀྱིས་བཀྲེས་ལྟོགས་དང་། ན་ཚ། འཚེ་བ་བཅས་ཀྱི་དཀའ་སྡུག་མྱོང་བཞིན་པའི་མི་རྣམས་རོགས་རམ་འཐོབ་ཐུབ་པའི་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་པར་ཞབས་འདེགས་ཞུ་ངེས་པར་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད། གནད་དོན་འདི་དག་སེལ་རྒྱུ་དེ་དངོས་གནས་ཁ་ཚ་དགོས་ཐུག་ཅིག་ཆགས་ཡོད་”ཅེས་གསུངས་འདུག
གཞན་ཡང་། ༧རིན་པོ་ཆེས་དེ་རིང་བསྩལ་བའི་གསུང་འཕྲིན་དེའི་ནང་། ཁོང་གིས“ངོས་ཀྱིས་སླར་ཡང་གོ་སྐབས་འདི་བཟུང་ནས་ཁྱེད་ཀྱིས་བོད་མི་རྣམས་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་”ཞེས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པའི་རྗེས། སྲིད་འཛིན་གསར་པའི་མ་འོངས་པའི་བྱ་བ་རྣམས་ལེགས་གྲུབ་ཡོང་བའི་ཐུགས་སྨོན་ཡང་མཛད་འདུག
ན་ནིང་ཕྱི་ཟླ་ ༩ པར་བྷའེ་ཌན་གྱིས་འོས་བསྡུའི་ལས་འགུལ་སྤེལ་བཞིན་པའི་སྐབས། ཁོང་གིས་གལ་སྲིད་ཁོང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ཡིན་ན། ༧གོང་ས་མཆོག་དང་མཇལ་འཕྲད་ཞུ་བ་དང་། བོད་ཀྱི་གནད་དོན་ལ་རྟོག་ཞིབ་བྱེད་མཁན་གྱི་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་མ་ཟད། “ངའི་སྲིད་གཞུང་གིས་བོད་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་འགོ་ཁྲིད་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན་”ཡང་བརྗོད་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
