༧གོང་ས་མཆོག་གིས་ཨན་ཌོ་ནི་ཤི་ཡར་ངལ་སེལ་ཆེད་ཞལ་འདེབས་གནང་འདུག
ཨན་ཌོ་ནི་ཤི་ཡར་ས་ཡོམ་དང་མཚོ་རླུང་གི་གནོད་པ་ཆེན་པོ་བྱུང་ནས། མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པས། ༧གོང་ས་མཆོག་ནས་རྒྱལ་ཁབ་དེར་ངལ་སེལ་ཆེད་ཨ་སྒོར་ཁྲི་ལྔ་ཡི་ཞལ་འདེབས་གནང་བ་མ་ཟད། རྒྱལ་ཁབ་དེའི་སྲིད་འཛིན་ལ་ཐུགས་གསོའི་ཕྱག་ཡིག་གནང་ཡོད་འདུག
ཟླ་༩ པའི་ཚེས་༢༨ ཉིན་ཨན་ཌོ་ནི་ཤི་ཡའི་གླིང་ཕྲན་སུ་ལཱ་ཝེ་སཱིར་ཤུགས་ཚད་༧.༥ དང་གཏིང་ཚད་ཀི་ལོ་མི་ཊར་༡༠ ཅན་གྱི་ས་ཡོམ་བརྒྱབ་ཡོད་པ་དང་། དེ་ལ་བརྟེན་ནས་མཚོ་རླུང་བསླངས་ཡོད་པས། འབྱུང་བའི་གནོད་འཚེ་དེ་གཉིས་ལ་བརྟེན་ནས་ཁུལ་དེར་ད་ལྟའི་ཆར་ཉུང་མཐར་མི་གྲངས་༨༣༢ ཀྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། ཉེན་སྐྱོབ་ཀྱི་ལས་གཞི་ད་དུང་མུ་མཐུད་འགྲོ་བཞིན་པ་དང་བསྟུན། ཤི་བོའི་ཁ་གྲངས་མང་དུ་འགྲོ་རྒྱུ་ཡིན་འདུག
ཁང་བརྩེགས་སྟོང་ཕྲག་མང་པོ་འཐོར་ཞིག་སོང་ཡོད་པ་མ་ཟད། འགྲོ་ལམ་ཁག་མང་པོ་འགག་ནས་ད་ལྟའི་ཆར་ས་ཆ་ཁུག་ཀྱོག་མང་པོར་ངལ་སེལ་ཆེད་ཉེན་སྐྱོབས་རུ་ཁག་སླེབས་ཐུབ་ཀྱི་མེད་འདུག དེ་སྔོན་ཟླ་༨ པའི་ནང་རྒྱལ་ཁབ་དེའི་ནང་ས་ཡོམ་གོད་ཆགས་བྱུང་ནས་ཉུང་མཐར་མི་གྲངས་༥༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།