༧གོང་ས་མཆོག་དང་གཟིམ་ཆུང་མཇལ་ཁ།

-འཇམ་དབྱངས་ནོར་བུས་བྲིས།

-སྐལ་བཟང་དོན་གྲུབ་ཀྱིས་བོད་བསྒྱུར་བྱས།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་ཚོགས་ཞུགས་པ་ཚང་མ་ལ། ཚོགས་ཆེན་གྱི་ཉིན་མཐའ་མར་༧གོང་ས་མཆོག་དང་མཇལ་ཁ་དང་སྐུ་པར་བསྒྲོན་པའི་གོ་སྐབས་ཐོབ་ཡོད་པ་རེད། མཇལ་བཅར་གྱི་ཚོགས་མི་མང་པོ་ཡོད་པས། སྐུ་པར་བསྒྲོན་སྐབས་ང་རང་༧གོང་ས་མཆོག་གི་ཞབས་ཀྱི་འགྲམ་དུ་པུས་མོ་བཙུགས་ནས་བསྡད་ཡོད་པས། ཕལ་ཆེར་ཁོང་གིས་ང་གཟིགས་མེད་པ་ཡོད། རྗེས་སུ་ཁོང་གིས་ང་ག་རེ་བྱས་ནས་སླེབས་མེད་སྐོར་བཀའ་འདྲི་གནང་བ་ཤེས་སོང་། ཉིན་མ་དེའི་ཉིན་གུང་རྒྱབ་ལ། སྐུ་སྒེར་ཡིག་ཚང་ནས་ང་ལ་ཞལ་པར་འབྱོར་ནས་༧གོང་ས་མཆོག་ལ་མཇལ་ཁ་ཡོད་ཤོག་གསུངས་སོང་།

ཟླ་༥ པའི་ཚེས་༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༣༠ ལ་ང་ལ་༧གོང་ས་མཆོག་གིས་གཟིམ་ཆུང་མཇལ་ཁ་གནང་བྱུང་། ངའི་རྩོམ་ཡིག་འདི་ཀློག་མཁན་ཚོ་དགའ་དགོས་པ་ཞིག་པ་ཁོང་སྐུ་གཟུགས་བདེ་ཐང་གི་འོད་མདངས་འཕྲོ་བཞིན་འདུག འོན་ཀྱང་ང་རང་འཆི་རན་པ་དང་འདྲ་བར། ཚོགས་ཆེན་སྐབས་སུ་ཚ་བ་བསྟུད་མར་འབར་བཞིན་ཡོད་པ་དང་། ཉིན་སྔོན་མ་དེར་གློ་བསྟུད་མར་བརྒྱབ་ནས་གཉིད་ཀྱང་ཁུག་ཐུབ་མ་བྱུང་བས། ཁོང་གིས་ངའི་འཕྲོད་བསྟེན་གྱི་གནས་སྟངས་གཟིགས་ཡོད་ཚོད་རེད། ཁོང་གིས་ང་གཟིགས་མ་ཐག “ཁྱེད་རང་སྤོར་ཐོ་ཆགས་འདུག་ཨ་”ཞེས་གསུངས་བྱུང་བས། ངས་“ལགས་རེད་༧གོང་ས་མཆོག དེའི་ཐོག་ངས་པུས་མོ་གཉིས་པོ་ཡང་བདེ་པོ་མིན་འདུག་སྟེ། ཕྱག་ཚང་འཚར་རྒྱུ་ཡིན་”ཞུས་པ་ཡིན།

ང་གཉིས་མར་བསྡད་པ་དང་། ཁོང་གིས་“རང་འདི་ལ་ཕྱི་ལོ་དྲུག་ཅུའི་ནང་སླེབས་པ་མ་རེད་པེ།”ཞེས་བཀའ་འདྲི་གནང་བྱུང་བས། ངས་དེ་འདྲ་ཡིན་པ་གསལ་འདེབས་ཞུས་ཡིན། ཁོང་གིས་མུ་མཐུད་དུ་“རང་གིས་ཤེས་ཀྱི་ཡོད་པ། ང་ཚོས་མཉམ་དུ་དུས་སྐབས་དེར་རླབས་ཆེན་གྱི་བྱ་གཞག་མང་པོ་སྒྲུབ་ཐུབ་པ་རེད། ཕྱི་ལོ་༡༩༥༩ ལོར་ལྷ་སའི་ནང་། ཐེན་གྷོན་སན་(Tan Guan San) གྱིས་གྱེན་ལོག་པ་ཚང་མ་རྩ་མེད་བཏང་དགོས་པའི་བཀའ་བཏང་ཡོད་པ་དང་། ཁོའི་མེ་སྒྱོགས་ཀྱིས་ནོར་བུ་གླིང་ཁ་དང་ལྕགས་པོ་རིར། ང་ཚོ་བོད་མི་མང་པོ་ཞིག་བསད་ཡོད་པ་རེད། ང་བྲོས་བྱོལ་དུ་ཕྱིན་རྗེས་རྒྱ་ནག་གིས་བོད་མི་རིགས་དེ་ཚར་བ་ཡིན་པ་དང་། ང་དང་བཙན་བྱོལ་བོད་མི་ཚོར་བྱེད་རྒྱུ་གང་ཡང་མེད་པའི་ཡིད་ཆེས་སླེབས་ཡོད་པ་རེད་དེ། ང་ཚོས་ཁོ་ཚོ་ནོར་བ་ཡིན་པ་ར་སྤྲོད་བྱས་རེད། མ་རེད་དམ།” “༧གོང་ས་མཆོག ང་ཚོས་དེ་འདྲ་བྱས་པ་ཏན་ཏན་རེད་”ཅེས་ངས་ལན་འདེབས་ཞུས། ཁོང་གིས་“ང་ཚོས་བཙན་བྱོལ་སྤྱི་ཚོགས་དང་གཞུང་གསར་འཛུགས་བྱས་པ་ཙམ་མིན་པར། བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་སྔར་བྱུང་མྱོང་མེད་པའི་ཁྱབ་བསྒྲགས་ཆེན་པོ་བྱེད་ཐུབ་པ་རེད། དེ་ང་ཚོས་མཉམ་དུ་བྱས་པ་རེད།”

གནད་དོན་དེའི་ཐོག་ཕྱིར་དྲན་ཏོག་ཙམ་གནང་རྗེས་ཁོང་གིས་“ངས་རང་ལ་དབུ་མའི་ལམ་གྱི་ཐོག་ལ་སྐད་ཆ་བཤད་འདོད་ཡོད། རྩོད་པ་རྒྱག་གི་མིན། འགྲེལ་བཤད་རང་རྒྱག་འདོད་ཡོད་”ཅེས་གསུངས་ནས། རྒྱལ་སྤྱིའི་འགོ་ཁྲིད་གང་འདྲ་མང་པོ་ཞིག་གིས་ཁོང་དང་མོས་མཐུན་གྱིས་ཁོང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ཁོང་ལ་དབུ་མའི་ལམ་ལ་རྒྱབ་སྐྱོར་གཙང་མ་ཡོད་པའི་ཡི་གེ་ཕུལ་ཚུལ་སྐོར་འགྲེལ་བཤད་རྒྱས་པོ་གནང་སོང་། དེ་བཞིན་ཁོང་གིས་རྒྱ་ནག་ནང་དུ་རྒྱ་རིགས་གང་འདྲ་མང་པོ་དང་། ལྷག་པར་དུ་ཤེས་ཡོན་པ་མང་པོ་ཞིག་དབུ་མའི་ལམ་གོ་རྟོགས་གསལ་པོ་བྱུང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་འགྲེལ་བཤད་གནང་བྱུང་།

ཁོང་གིས་འགྲེལ་བཤད་ཀྱི་མཇུག་ཏུ། དབུ་མའི་ལམ་གྱི་ཐོག་ནས་ང་ཚོས་ལས་ཀ་བྱེད་ཐུབ་ཀྱི་ཡོད་ནའང་། བོད་མི་ཚོས་ཕྱི་ལོ་༡༩༥༩ ལོའི་ཡར་སྔོན་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་བྱེད་ཐབས་སུ་འབད་བརྩོན་མུ་མཐུད་གནང་དགོས་པ་དང་། བོད་དེ་རང་བཙན་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་ཀྱི་ཁུངས་སྐྱེལ་དཔང་རྟགས་བཙལ་ནས་ར་སྤྲོད་བྱེད་དགོས། དེའི་སྐོར་འཛམ་གླིང་མི་མང་ཙམ་མ་ཡིན་པར་རྒྱ་རིགས་ཚོར་ཡང་ཤེས་སུ་འཇུག་རྒྱུ་གལ་ཆེན་ཡིན་སྐོར་འགྲེལ་བཤད་གནང་སོང་། ཁོང་གིས་བོད་དེ་རང་བཙན་གཙང་མ་ཡིན་པའི་དཔང་རྟགས་མེད་ཚེ། དབུ་མའི་ལམ་དེ་ནི་སྤྲང་པོ་ལྟོ་སློང་མཁན་འདྲ་བོ་ཆགས་རྒྱུ་ཡིན་པ། བོད་རང་བཙན་གཙང་མ་ཡིན་པའི་ཐོག་ཉམས་ཞིབ་བྱས་ཏེ། ཐག་ཆོད་པོ་དང་ངེས་གཏན་གྱི་དཔང་རྟགས་རྙེད་ཐུབ་པ་བྱས་ཏེ་རྒྱལ་སྤྱིའི་མདུན་དུ་ཁྱབ་བསྒྲགས་བྱེད་རྒྱུ་བོད་མིའི་ལས་འགན་ཡིན་པ་གསུངས་བྱུང་།

ངས་ཁོང་གི་བཀའ་མོལ་བར་མཚམས་སུ། རང་བཙན་རྒྱབ་སྐྱོར་བ་དང་ལས་འགུལ་བ་ཚོས་ཧུར་ཐག་བྱེད་བཞིན་ཡོད་པ་དང་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་རང་བཙན་གཏེར་མཛོད་(རྙེད་པར་དཀའ་བའི་པར་དང་ཡིག་ཆ། ཆིངས་ཡིག ཕྱི་བསྐྱོད་ལག་ཁྱེར་སོགས་ཀྱི་)ཅེས་པའི་སྟབས་བདེའི་འགྲེམས་སྟོན། ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་མདུན་དུ་བཤམས་ནས། ཡར་མར་འགྲོ་མཁན་གྱི་ལས་བྱེད་མི་སྣ་དང་། ལྟ་སྐོར་བྱེད་མཁན་དང་གཞན་རྣམས་ལ་བོད་རང་བཙན་ཡིན་པའི་གོ་རྟོགས་སྤེལ་སྐོར་འགྲེལ་བཤད་ཞུས་པ་ཡིན།

དེ་བཞིན་ང་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་དང་བླངས་པ་ཁག་ཅིག་གིས་མཉམ་དུ་བཟོས་པའི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་དྲ་རྒྱ་དང་། དེའི་ཐོག་རྙེད་པར་དཀའ་བའི་པར་དང་བརྙན་ཐུང་། ལོ་རྒྱུས་ཐུང་ཐུང་། དུས་རིམ། ལྷ་སའི་ས་ཁྲ་ཞིབ་ཚགས་པོ། མི་མང་གྱེན་ལངས་སྐོར་གྱི་ལོ་རྒྱུས་ཆ་ཚང་བ། དམག་འཁྲུག ༧གོང་ས་མཆོག་གི་བཙན་བྱོལ་ཕེབས་སྐོར་སོགས་འཁོད་ཡོད་སྐོར་འགྲེལ་བཤད་དང་། དེ་བཞིན་དཔའ་བོ་དཔའ་མོའི་དྲན་རྟེན་ལྕགས་རི་ཞེས་པའི་ཐོག་ཏུ་གྱེན་ལངས་ནང་དུ་མཉམ་ཞུགས་བྱེད་མཁན་མང་པོ་ཞིག་གི་པར་དང་ལོ་རྒྱུས་བཀོད་ཡོད་པ་དང་། ངས་དམིགས་སུ་བཀར་ནས་ལོ་མང་རིང་གི་སྐུ་སྒེར་དྲུང་ཆེ་སྐུ་ངོ་རྟ་ར་མཚན་འདོན་བྱས་ཡིན། ཁོང་གིས་ནོར་བུ་གླིང་ཁར་སྲུང་སྐྱོབ་ཀྱི་འགན་བླངས་པ་མ་ཟད། དགྲ་བོའི་དྲག་རྒོལ་ཚབས་ཆེན་འོག་ཏུ་ལྷག་པའི་ལྕགས་པོ་རིའི་སྲུང་སྐྱོབ་པ་རྣམས་ཐར་ཐབས་ཀྱང་གནང་རེད།

སྐུ་ངོ་རྟ་ར་མཚན་འདོན་བྱས་སྐབས་༧གོང་ས་མཆོག་གིས་དྲན་གསོ་ཐོག་ནས། ང་དང་ཚེ་རྒྱམ་ལགས་དང་ལས་བྱེད་གཞན་པ་ཞིག་ལ། རྟ་ར་ནི་བློ་ཁོག་ཆེན་པོ་དང་ལ་རྒྱ་ཅན་ཞིག་ཡིན་ཡང་ཁྱད་མཚར་པོ་ཡོད་པ། རྟ་རས་ནོར་བུ་གླིང་ཁའི་སྐྱེད་ཚལ་དུ་ས་དོང་གཏིང་རིང་པོ་ཞིག་དྲུས་ནས། རྒྱ་མིའི་མེ་སྒྱོགས་བརྒྱབ་འགོ་བཙུགས་དུས་༧གོང་ས་མཆོག་ས་དོང་དེའི་ནང་གང་འདྲ་ཡིབ་དགོས་མིན་འགྲེལ་བཤད་གནང་སྐོར་གསུངས་ནས། གནས་ཚུལ་དེ་ཕྱིར་དྲན་བྱས་སྐབས་ཁོང་བཞད་མོ་ཤོར་སོང་། ངས་ཁོང་ལ་དཔའ་བོ་དཔའ་མོའི་དྲན་རྟེན་ལྕགས་རིའི་ཐོག་ཏུ་ཚ་རོང་ཟླ་བཟང་དགྲ་འདུལ་དང་། མགྲོན་གཉེར་ཆེན་མོ་ཕ་ལྷ། བློ་བཟང་ཡེ་ཤེས་དང་། དེ་མིན་༧གོང་ས་མཆོག་གི་བདེ་འཇགས་དང་ལྷ་ས་ནས་བཙན་བྱོལ་དུ་ཕེབས་པ་ལམ་ལྷོངས་ཡོང་ཆེད་དཀའ་ལས་རྒྱག་མཁན་གྱི་ལས་བྱེད་གཞན་རྣམས་ཀྱི་པར་དང་ལོ་རྒྱུས་ཀྱང་བཀོད་ཡོད་སྐོར་འགྲེལ་བཤད་ཞུས་པ་ཡིན།

ངས་ཁོང་ལ་ཉེ་ཆར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ནིའུ་ཡོག་གྲོང་ཁྱེར་དུ། ཕྱི་ལོ་༡༩༡༨ ལོའི་ཟླ་༤ པའི་ཚེས་༢༩ ཉིན་ཆབ་མདོར་བོད་དམག་གིས་རྒྱ་དམག་ཕམ་ཉེས་བཏང་(ཁམས་པ་ཚོས་དུས་སྐབས་དེར་ས་རྟའི་སྐལ་བ་ཞེས་རྗེས་དྲན་བྱེད་ཀྱི་ཡོད་)ནས་ལོ་༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་སྐོར་འགྲེལ་བཤད་ཞུས་པ་ཡིན། ༧གོང་ས་མཆོག་གིས་ལོ་རྒྱུས་ཀྱི་གནད་དོན་དེ་ཐོས་མྱོང་བ་དྲན་བྱུང་གསུངས་ནས། “རང་གི་སྤོ་སྤོ་དམག་འཁྲུག་དེའི་སྐབས་དམག་དཔོན་ཞིག་མིན་ནམ་”ཞེས་དྲིས་ནས། ལས་བྱེད་གཉིས་པོ་དེར་ཞལ་བསྐོར་ནས་མདའ་དཔོན་བཀྲས་མཐོང་ལ་དགྲ་བོ་འདུལ་བའི་དམིགས་བསལ་ནུས་པ་ཡོད་སྐོར་གྲགས་མྱོང་བ་དང་། (ངས་༧གོང་ས་མཆོག་གིས་ཚིག་ཏན་ཏན་གང་གསུངས་པ་དྲན་གྱི་མི་འདུག ) དམག་དཔོན་གཞན་རྣམས་ཀྱིས་ཁ་གཏད་གཅོག་མ་ཐུབ་སར་མདའ་དཔོན་བཀྲས་མཐོང་གིས་རྒྱ་མི་ཕམ་ཉེས་བཏང་ཐུབ་སྐོར་གསུངས་སོང་།

དེ་ནས་༧གོང་ས་མཆོག་གིས་ཨ་རིས་རྒྱ་ནག་དང་འཐབ་བཞིན་པའི་གློ་སྒྲིག་འཛུགས་ཀྱི་བོད་དམག་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་སྐབས། ང་ཚོས་མཚོན་ཆ་དང་རྒྱབ་སྐྱོར་གང་ནས་བཙལ་དགོས་སྐོར་གྲོས་བསྡུར་བྱས་པ་ཕྱིར་དྲན་གནང་ཏེ། སྐབས་དེར་ཁྱེད་རང་གིས་དཔྱད་པ་མ་བཏང་པའི་སྒོ་ནས་ཨབ་གྷ་ནི་སེ་ཐན་ནས་མཚོན་ཆ་ཉོ་བའི་གྲོས་འཆར་བཏོན་སོང་ཞེས་བཞད་མོ་ཆེན་པོ་ཤོར་བཞིན་གསུངས་བྱུང་།(དྲང་པོ་བཤད་ན་ངས་གནད་དོན་དེ་དྲན་གྱི་མི་འདུག ) ངས་ཁོང་ལ་སྐབས་དེར་རྒྱ་རི་རིན་པོ་ཆེ་དང་ངེད་གཉིས་ཀྱིས་ཧྥ་རན་སིའི་གསང་བའི་ལས་ཁང་ནས་ང་ཚོར་དཔལ་འབྱོར་མཐུན་རྐྱེན་ཐོབ་པ་གང་འདྲ་བྱས་པ་དང་། སྐུ་སྒེར་ཡིག་ཚང་གིས་ང་པཱེ་རི་སིར་གང་འདྲ་བཏང་བའི་སྐོར་ལ་དྲན་སྐུལ་ཞུས་པས། ཁོང་གིས་ལས་བྱེད་གཉིས་པོར་ “མི་འདི་དེ་གར་ང་ཚོའི་གསང་མྱུལ་བ་བྱས་པ་རེད་”ཅེས་དང་། དེ་ནས་ཁོང་གིས་མཐའ་མ་དེར་དེ་ཚོ་གང་ཡང་གྲུབ་འབྲས་ཐོན་མ་སོང་ཞེས་གསུངས་བྱུང་བས། ངས་ཁས་ལེན་ཞུས་པ་ཡིན། “མཐའ་མ་དེར་ལྷ་མོ་ཚེ་རིང་ལགས་འཇུ་བཟུང་བྱས། རྒན་དབང་འདུས་བྲོས་བྱོལ་ཕྱིན། རྒྱ་ནག་འགོག་རྒོལ་གྱི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཆ་ཚང་འཐོར་ཞིག་སོང་བ་རེད།”

ངས་བསམ་པར་ངེད་གཉིས་བཀའ་མོལ་སྐར་མ་༥༠ ལས་མང་བ་གནང་བ་དང་། ༧གོང་ས་མཆོག་ཐུགས་སྤྲོ་བོ་གནང་གི་ཡོད་པ་ཚོར་བྱུང་། དེ་མ་ཚད་ཁོང་གིས་ཨ་ཧྥི་རི་ཀ་ནས་མིའི་རིགས་ཐོག་མར་གནས་སྤོ་བྱས་ཏེ། ཁོ་ཚོའི་བྱང་ཏུ་ཡུ་རོབ་དང་ཤར་ཕྱོགས་སུ་ཨེ་ཤི་ཡ་སོགས་ཀྱི་འགྲུལ་བཞུད་ལ་གཞིར་བཞག་ན། བོད་དེ་རྒྱ་ནག་ལས་ཤར་གྱི་ཕྱོགས་ལ་གནས་ཡོད་པས། རྒྱ་ནག་ལས་བོད་ལ་མིའི་རིགས་སྔ་བ་བྱུང་བ་དངོས་ཡོད་གནས་ཚུལ་དང་མཐུན་གྱི་ཡོད་པའི་དགོངས་ཚུལ་སྐོར་གསུངས་བྱུང་། ངས་ཁོང་ལ་ཉེ་ཆར་ཨ་རིའི་ཚན་རིག་ཅེས་པའི་དུས་དེབ་ནང་དུ་ཐོན་པའི་ཉམས་ཞིབ་གྲུབ་དོན་ཞིག་ནང་། བོད་མི་རྣམས་མཐོ་སྒང་དུ་འཁྱག་རོམས་དུས་རབས་ཀྱི་དུས་དཀྱིལ་ནང་འཚོ་ཡོད་པ་བསྟན་ཡོད་པས། དེ་སྔོན་བོད་མི་རིགས་དེ་ལོ་༡༦༠༠༠ སྔོན་ནས་འཚོ་བཞིན་ཡོད་པའི་བཤད་ཚུལ་དེ་ལས། ལྡབ་བཞི་འཕར་ནས་ལོ་ངོ་༦༤༠༠༠སྔོན་ནས་འཚོ་བཞིན་ཡོད་པ་བསྟན་ཡོད་སྐོར་འགྲེལ་བཤད་ཞུས་ཡིན།

༧གོང་ས་མཆོག་གིས་བོད་མིའི་ལོ་རྒྱུས་བཤད་ཚུལ་དུ་བོད་མི་རྣམས་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོ་ནས་བྱུང་ཚུལ་དེ་ལ་བདེན་པའི་གཞི་འཇོག་རྒྱུ་ཡོད་པ་ངེས་གཏན་ཡིན་སྐོར་གསུངས་བྱུང་བས། ངས་རང་བྱུང་ཞེས་པའི་དུས་དེབ་ནང་། རྡོའི་དུས་རབས་སྐབས་ཀྱི་མིའི་རིགས་(Denisovans) ཀྱིས་སྔ་མོའི་བོད་མི་རྣམས་དང་འདུས་ནས། དེང་གི་བོད་མི་རྣམས་ས་ཤིན་ཏུ་མཐོ་བའི་སར་འཚོ་ཐུབ་པའི་རིགས་རྒྱུན་ས་བོན་ཐོབ་སྐོར་བཀོད་པ་དྲན་ནས་༧གོང་ས་མཆོག་ལ་དེའི་སྐོར་ཞུས་པ་དང་། བརྗོད་གཞི་དེའི་ཐོག་བོད་མི་འབུམ་རམས་པ་ཚེ་དབང་བཀྲ་ཤིས་ཀྱིས་ཉམས་ཞིབ་པ་གཞན་ཞིག་དང་མཉམ་དུ་ཉམས་ཞིབ་བྱས་སྐོར་ཞུས་སྐབས། ཁོང་དེ་བས་ཐུགས་དགྱེས་ནས། དེ་དང་འདྲ་བའི་ཉམས་ཞིབ་ཀྱི་གྲུབ་དོན་གསར་རྙེད་རྣམས་ལ་དོ་སྣང་བྱས་ཏེ་ཁོང་ལ་སྙན་སེང་ཞུ་བའི་བཀའ་མངགས་གནང་བྱུང་།

མཐའ་མར་མཇལ་ཁ་གྲུབ་མཚམས་སུ། ༧གོང་ས་མཆོག་གིས་ “ང་གཉིས་པར་ཞིག་རྒྱག་དགོས། པར་པ་གང་དུ་འདུག”ཅེས་གསུངས། ཁོང་གིས་ཅོག་ཙེའི་ནང་དུ་ང་ལ་སྨན་གྱི་ཤོག་སྒམ་ཁ་ཤས་གནང་ནས། “དེ་དག་རིན་ཆེན་རིལ་བུ་རེད། འདི་ཚོས་རང་དུས་ཚོད་མ་སླེབས་སྔོན་ནས་སྤོར་ཐོ་མི་ཆགས་པར་ཕན་གྱི་རེད། འཕྲོད་བསྟེན་ཡག་པོ་གྱིས་ཨ་” ཅེས་གསུངས་སོང་། ངས་༧གོང་ས་མཆོག་ནས་ཕྱག་དབང་མ་ཞུས་སྔོན་དུ། ང་ལ་རེ་བ་དམིགས་བསལ་ཞིག་ཡོད་སྐོར་ཞུས་ནས། རང་བཙན་རྩོད་མཁན་ཚང་མར་ཐུགས་སྨོན་གནང་རོགས་ཞུས་པས། ༧གོང་ས་མཆོག་གིས་ “ཡིན་དང་ཡིན། ཁྱེད་རང་ཚོ་ཚང་མ་སེམས་ཁྲལ་བྱེད་དགོས་མ་རེད།”ཅེས་བཀའ་གནང་བྱུང་།

ངས་༧གོང་ས་མཆོག་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་ནས་ཐོན་ཡོང་བ་ཡིན།།

མ་རྩོམ་དང་རྩོམ་པ་པོས་དེའི་སྐོར་བོད་སྐད་ཐོག་གསུངས་པའི་དྲ་ཐག