༧གོང་ས་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་གཉིས་ཀྱི་ཐོག་མའི་མཇལ་འཕྲད་དང་འབྲེལ་བའི་སྐོར་གྱི་དེབ་གཅིག་འགྲེམས་སྤེལ་གནང་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོའི་དྲུང་ཡིག་གིས་༧གོང་ས་མཆོག་དང་ཡུལ་དེའི་སྲིད་འཛིན་དང་པོ་གཉིས་ཐོག་མ་མཇལ་འཕྲད་གནང་བའི་སྐོར་དང་། དེ་བཞིན་ཕྱི་འབྲེལ་གྱི་འབྲེལ་བ། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དབུ་ཁྲིད་གཉིས་ཀྱི་མཛའ་གྲོགས་ཀྱི་འབྲེལ་བའི་རང་བཞིན་སོགས་དང་འབྲེལ་བའི་དཔེ་དེབ་ཅིག་བརྩམས་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༡ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝ་ཁེ་ལེབ་ཧ་ཝེལ་མཆོག་གི་དྲུང་ཡིག་ནའུ་མན་ལགས་ཀྱིས་༼Dalajláma – Havel – Praha 1990༽  ཞེས་པའི་དཔེ་དེབ་འགྲེམས་སྤེལ་ཞུས་ཡོད་འདུག

དཔེ་དེབ་དེའི་ནང་༸གོང་ས་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁྱབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝ་ཁེ་ལེབ་ཧ་ཝེལ་མཆོག་གཉིས་ཀྱི་མཇལ་འཕྲད་བརྒྱུད་ནས་ཕྱི་འབྲེལ་གྱི་འབྲེལ་བ་ཙམ་ཞིག་མ་ཡིན་པར། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དབུ་ཁྲིད་གཉིས་ཀྱི་མཛའ་གྲོགས་ཀྱི་འབྲེལ་བའི་རང་བཞིན། ཁོང་རྣམ་གཉིས་ཀྱི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་དང་། འདས་པའི་ལོ་རྒྱུས་ནང་འཕྲད་པའི་དཀའ་ངལ་ཁག་གསལ་སྟོན་གྱིས་དེར་གདོང་ལེན་གནང་ཕྱོགས་བཅས་ཀྱི་ཐད་གཙོ་བོར་དམིགས་ནས། འཛམ་གླིང་ནང་ཞི་བདེའི་མཚོན་རྟགས་རང་བཞིན་ཅན་ཞིག་ཏུ་འགྱུར་བའི་ལོ་རྒྱུས་དང་དེའི་མཚོན་དོན་བཅས་ཀྱི་སྐོར་བཀོད་ཡོད་འདུག

གཞན་ཡང་དཔེ་དེབ་ནང་ཅེཀ་ཀྱི་པར་པ་བཞི་སྟེ་སི་ཏ་ནི་སི་ལབ་ ཌོ་ལེ་ཛལ་ (Stanislav Doležal) ལགས་དང་། ར་དོ་ཝན་བོ་ཅེཀ་ (Radovan Boček) ལགས། གྷ་བི་ན་ཕ་རོ་ཝཱ་ (Gabina Fárová ལགས།  པེ་ཊར་ལུ་ཀཱཤ་ (Petr Lukáš) ལགས་བཅས་ནས་པར་བརྒྱབ་པའི་རྩ་ཆེན་གྱི་པར་རིས་༩༡ འཁོད་ཅིང་། པར་རིས་ནང་གཞུང་འབྲེལ་གྱི་མཇལ་འཕྲད་ཙམ་མ་ཡིན་པར་ནང་མོལ་གྱི་མཇལ་འཕྲད་གནང་ས་ཡང་ཡོད་འདུག།

རྩོམ་པ་པོ་དང་ལོ་མང་མཇལ་འཕྲད་གནང་མྱོང་མཁན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས། དེབ་དེ་ནི་ལོ་རྒྱུས་རང་བ་ཞིན་ལྡན་པའི་མཇལ་འཕྲད་ཀྱི་ཡིག་ཚགས་ཙམ་ཞིག་མ་ཡིན་པར། དེ་ནི་འགྱུར་བ་ངོ་མ་ཞིག་སྐུལ་འདེད་བྱེད་པའི་སྙིང་སྟོབས་ཀྱི་དཔང་རྟགས་ཤིག་རེད་ཅེས་བརྗོད་འདུག

སུད་སི་སྐུ་ཚབ་དོན་ཁང་གིས་༧གོང་ས་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་རྣམ་གཉིས་ཀྱི་དྲང་བདེན་དང་ཞི་བའི་འཐབ་རྩོད་ཀྱི་བརྡ་ལན་ཁག་མི་རབས་གསར་པ་ཚོའི་སེམས་ནང་ཡིད་འཇགས་ཡོང་བའི་ཆེད་དུ་དཔེ་དེབ་དེ་ཅེཀ་གཞུང་ཚབ་ཁང་ལ་བགོ་འགྲེམས་གནང་ཡོད་འདུག

སྤྱིར་ཅེཀ་མི་མང་གིས་འདས་པའི་ལོ་མང་རིང་། ད་ཡོད་བོད་ཀྱི་གནས་སྟངས་དང་འདྲ་བ། དམར་པོའི་རིང་ལུགས་ཀྱི་དྲག་གནོན་དང་སྒེར་གཅོད་སྲིད་གཞུང་འོག་ཏུ་དཀའ་སྡུག་ཚད་མེད་མྱངས་ཡོད་པར་བརྟེན། ཁོང་ཚོས་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་ཉིན། གྲོང་ཁྱེར་སྲིད་གཞུང་གི་ཐོག་ཁ་དང་། སློབ་གྲྭ། མི་སྒེར་གྱི་ཁང་ཐོག་སོགས་སུ་བོད་ཀྱི་རྒྱལ་དར་སྒྲེང་བ་སོགས་བྱས་ནས་བོད་མི་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཟབ་མོ་བྱེད་ཀྱི་ཡོད་འདུག

ལྷག་པར་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་ཁོང་ནི་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་གནང་མཁན་གྱི་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་ཞིང་། ཁོང་སྲིད་འཛིན་གྱུར་རྗེས་འགྲོ་བ་མིའི་ཐོབ་ཐང་ནི་ཅེཀ་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པར་བསྒྲགས། ལྷག་པར་དུ་ཕྱི་ལོ་༡༩༩༠ ཟླ་༢ པའི་ནང་། ཁོང་གིས་༧གོང་ས་མཆོག་གདན་འདྲེན་ཞུས་ཡོད་འདུག་པ་དང་། ཁོང་རྣམ་གཉིས་ཀྱི་བར་འགྲོ་བ་མིའི་ཐོབ་ཐང་དང་བྱམས་བརྩེ་སོགས་བསམ་ཕྱོགས་སམ་ལྟ་གྲུབ་གཅིག་མཚུངས་སུ་ཡོད་པས། མཛའ་གྲོགས་སུ་གྱུར་པ་དེས་ཡུལ་དེའི་མི་མང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་འདུག

དེ་སྔོན་གྱི་མཛའ་འབྲེལ་རྒྱུན་མཐུད་ཀྱིས་ཉེ་ཆར་ཟླ་༧ ཚེས་༢༧ ཉིན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་༼Petr Pavel༽ མཆོག་ལ་དྭགས་སུ་ཆེད་མངགས་༧གོང་ས་མཆོག་མཇལ་བར་བཅར་བདང་ལྷན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་མཇལ་འཕྲད་གནང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།