༧གོང་ས་མཆོག་དང་བོད་དོན་ཐོག་གནས་ཚུལ་གང་བྱུང་འབྲི་མྱོང་མཁན་རྒྱ་གར་གསར་འགོད་པ་ཞིག་འཛིན་བཟུང་།
རྒྱ་གར་གྱི་གསར་འགོད་པ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་རྒྱ་ནག་ལ་སྤྲད་པའི་གནད་དོན་དང་འབྲེལ་ནས་འཛིན་བཟུང་བྱས་འདུག་པ་དང་། གསར་འགོད་པ་དེས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་གནས་ཚུལ་སྤེལ་མྱོང་ཡོད་ཁར། དེ་སྔོན་བརྒྱུད་ལམ་གཞན་གྱི་ཐོག་ཏུ་༧གོང་ས་མཆོག་དང་བོད་དོན་ཐོག་གང་བྱུང་འབྲི་མྱོང་ཡོད་པ་རེད་འདུག
ཟླ་༩ ཕའི་ཚེས་༢༠ ཉིན་ལ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པས། ཟླ་༩ པའི་ཚེས་༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉེན་རྟོག་པའི་དམིགས་བསལ་རུ་ཁག་གིས་འཛིན་བཟུང་བྱས་པའི་རྒྱ་གར་གྱི་རང་དབང་ཅན་གྱི་གསར་འགོད་པ་རཱ་ཇི་ཝེ་ཤར་མ་(Rajeev Sharma) ལྟ་བུ་རྒྱ་གར་གྱི་གསར་འགོད་པ་མང་པོ་ཞིག་གིས། གོ་ལའི་དུས་བབ་སྟེང་དུ་གནས་ཚུལ་སྤེལ་ཡོད་པས། རྒྱ་གར་གྱིས་གསར་འགོད་པ་དེ་བེད་སྤྱད་ནས་གསར་ཁང་དེ་མིང་ནག་པོ་བཟོ་ཐབས་བྱེད་བཞིན་པ་ནི་འོས་མཚམས་ཤིག་མིན་པ། དེ་བཞིན་གསར་འགོད་པ་དེ་འཛིན་བཟུང་བྱས་པའི་རྒྱུ་མཚན་དེ་ཡང་རྫུན་བཟོ་བྱས་པ་ཡིན་སྲིད་སྐོར་བརྗོད་འདུག
དེ་ཡང་རྒྱ་གར་གྱི་ཉེན་རྟོག་པས་བརྗོད་དོན་ལྟར་ན། འཛིན་བཟུང་བྱས་པའི་གསར་འགོད་པ་དེའི་ལག་ཏུ་རྒྱལ་ཁབ་ཀྱི་བདེ་སྲུང་དང་འབྲེལ་བའི་གསང་བའི་ཡིག་ཆ་ཁག་ཅིག་དང་། དེ་བཞིན་ཕྱི་འབྲེལ་སྲིད་བྱུས་དང་། ༧གོང་ས་མཆོག་གི་སྐོར། བོད་དང་རྒྱ་གར་གྱི་ས་མཚམས་ཐོག་ཏུ་དམག་མི་སྒྲིག་འཇོག་དང་ལས་དོན་ཐོག་གི་གསང་བའི་ཡིག་ཆ་ཡང་རྙེད་སོན་བྱུང་ཡོད་འདུག ཁོས་ཕྱི་ལོ་༢༠༡༠ ནས་༢༠༡༤ ལོ་བར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་སྟེང་གནས་ཚུལ་སྤེལ་ཡོད་འདུག་པ་དང་། དེ་དང་འབྲེལ་ནས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་དོ་སྣང་བྱུང་ཏེ་འབྲེལ་བ་བྱས་ཡོད་འདུག
རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། འཛིན་བཟུང་བྱས་པའི་རྒྱ་གར་གྱི་གསར་འགོད་པ་དེས་རྒྱ་ནག་ཏུ་གསང་བའི་གནས་ཚུལ་དང་གནས་ཚུལ་གལ་ཆེན་ཁག་ཕྱིར་སྤྲོད་བྱེད་ཀྱི་ཡོད་འདུག་པ་དང་དེ་ལ་བརྟེན་ནས་དངུལ་ཕོན་ཆེན་ཐོབ་ཀྱི་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༩ ལོར་གསར་འགོད་པ་དེར་རྒྱ་ནག་ནས་བརྒྱུད་ལམ་ཚོང་ལས་ཁག་གཅིག་གི་འགན་འཛིན་ཡིན་སྐོར་བརྗོད་མཁན་ཞིག་དང་འབྲེལ་བ་བྱུང་ནས། ༧གོང་ས་མཆོག་གི་ཐོག་ལ་གནས་ཚུལ་བྲིས་ནས་སྤེལ་དགོས་པ་དང་། གནས་ཚུལ་རེ་ལ་ཨ་སྒོར་༥༠༠ སྤྲོད་རྒྱུ་ཁས་ལེན་བྱས་འདུག་པ་དང་། ཕྱི་ལོ་༢༠༡༩ ལོའི་ཟླ་བ་༡ པོ་ནས་ཕྱི་ལོ་༢༠༢༠ ལོའི་ཟླ་བ་༩ པ་བར་ཁོ་ལ་རྒྱ་ནག་ནས་ཧིན་སྒོར་འབུམ་༣༠ ལས་མང་བ་ཐོབ་ཡོད་འདུག དེ་བཞིན་ཁོ་ལ་དངུལ་སྤྲོད་མཁན་རྒྱ་ནག་མི་སེར་བུད་མེད་གཅིག་དང་བལ་ཡུལ་མི་སེར་གཅིག་ཀྱང་འཛིན་བཟུང་བྱས་ཡོད་འདུག
གསར་འགོད་པ་དེས་དེ་སྔོན་༧གོང་ས་མཆོག་ལ་འབྲས་ནད་ཡོད་སྐོར་གྱི་གནས་ཚུལ་རྫུན་མ་སྤེལ་ཡོད་པ་མ་ཟད། དེ་བཞིན་༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་བར་འགལ་ཟླ་ཡོད་སྐོར་གྱི་གནས་ཚུལ་སྤེལ་རྐྱེན། བོད་མིའི་སྒྲིག་འཛུགས་ནས་གནས་ཚུལ་དེ་ནི་རྫུན་མ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། དེའི་ཐོག་ཁོང་གིས་༧གོང་ས་མཆོག་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་མཁན་ཡིན་ཚུལ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བརྒྱུད་ལམ་ཁག་ཏུག་སྤེལ་ཡོད་པ་རེད་འདུག
རྒྱ་གར་གྱི་བརྒྱུད་ལམ་(Zee News)ཐོག་ཏུ་ཁོས་རྒྱ་ནག་ལ་རྒྱབ་སྐྱོར་རམ་རྒྱ་ནག་གི་རྣམ་པ་བཟང་ཏུ་གཏོང་བའི་གནས་ཚུལ་མང་པོ་ཞིག་སྤེལ་ཡོད་སྐོར་བརྗོད་འདུག འོན་ཀྱང་རྒྱ་གར་གྱི་གསར་འགོད་མཐུན་ཚོགས་(press club of India)ཀྱིས། གསར་འགོད་པ་འཛིན་བཟུང་བྱས་པ་ཁོང་ནི་མི་མང་པོས་ངོ་ཤེས་ཀྱི་ཡོད་པའི་གསར་འགོད་པ་རྙིང་པ་ཞིག་ཡིན་པ་དང་། རྒྱ་གར་གྱི་ཉེན་རྟོག་པའི་བསྒྲགས་གཏམ་ལ་གཞིགས་ན། དེ་ནི་ཐུབ་ཚོད་བཏང་བ་ཞིག་ཡིན་པ་དང་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་དོགས་གཞི་ཡིན་པ། གནད་དོན་གཉིས་དཔེ་མཚོན་བླངས་ནས་དེ་སྔོན་གསར་འགོད་པ་གཉིས་ལ་ཉེན་རྟོག་པས་གསང་མྱུལ་ཡིན་སྐོར་བརྗོད་ནས་འཛིན་བཟུང་བྱས་ཡོད་ཀྱང་། རྗེས་སུ་བདེན་པ་མིན་པ་ར་འཕྲོད་བྱུང་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།