༧གོང་ས་མཆོག་དང་བོད་མི་རིགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༡༠ ཕྱི་ལོ་ ༢༠༢༠/༠༧/༠༨

ཁ་སང་ཕྱི་ལོ་༢༠༢༠ ཟླ་༧ ཚེས་༦ ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༨༥ དང་། བོད་ལུགས་དགུང་གྲངས་༨༦ ཕེབས་ཟིན་པའི་སྐུའི་འཁྲུངས་སྐར་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དེ་ལོ་གཅིག་གི་ནང་དུ་ལས་དོན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལ། བོད་ནང་དུའང་དུས་ཆེན་འདི་མངོན་གསལ་དོད་མིན་དང་རྣམ་པ་ཅི་རིགས་ཀྱི་སྒོ་ནས་སྲུང་བརྩི་ཞུ་མཁན་མང་པོ་ཡོད། བོད་ལ་ནང་པ་སངས་རྒྱས་པའི་ཆོས་དར་བ་ནས་བཟུང་འཕགས་པ་སྤྱན་རས་གཟིགས་ནི་བོད་ཀྱི་ལྷ་སྐལ་ཡིན་པའི་འདུ་ཤེས་དེ་མི་ཚང་མའི་སེམས་སུ་ཡོད་ལ། མ་ཎི་ཡི་གེ་དྲུག་མ་སུ་གཅིག་གིས་སློབ་མི་དགོས་པར་ངག་ལ་རང་ཆས་སུ་ཡོད་པའི་མི་རིགས་ཤིག་ཏུ་གྱུར་ཡོད། འདི་ཡང་སྒྲོ་བཏགས་པ་ཙམ་མ་ཡིན་པ་བོད་མི་རིགས་ལ་དམིགས་བསལ་ཡོད་པའི་ཁྱད་ཆོས་ཤིག་ཡིན་ཞིང་། ༧གོང་ས་སྐུ་ཕྲེང་ན་རིམ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་རོལ་དུ་ངོས་འཛིན་བྱེད་པས་བོད་མི་རིགས་དང་དམིགས་བསལ་གྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་༡༦༤༢ ལོར་རྒྱལ་མཆོག་སྐུ་ཕྲེང་ལྔ་པའི་དུས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་། ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ནས། ༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལས་སྣེ་བ་མང་དག་ཅིག་དང་བོད་མི་འབུམ་གཅིག་ལ་ཉེ་བ་ཞིག་བཙན་བྱོལ་དུ་ཕེབས་དགོས་མ་བྱུང་གི་བར་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བཟུང་ཡོད་ལ། འགྲིམ་འགྲུལ་དང་ཁོར་ཡུག་དབང་གིས་སྐབས་རེ་བོད་ས་ཡོངས་རྫོགས་ལ་ཁྱབ་ཐུབ་དང་མ་ཐུབ་པའི་གནས་ཚུལ་ཅུང་ཙམ་རེ་དང་། དེ་བཞིན་ནང་ཁུལ་དུ་རྩོད་རྙོག་གི་ལོ་རྒྱུས་རེ་ཟུང་ཡང་བྱུང་མྱོང་མེད་པ་མིན་མོད། ས་གནས་ཆ་ཚང་ལ་སྲིད་གཞུང་གི་དབང་ཤུགས་ཀྱིས་ཁྱབ་ཐུབ་མིན་དང་། ནང་ཁུལ་དུ་འཁྲུག་རྩོད་སོགས་མང་པོ་བྱུང་ཡོད་པ་ནི། བོད་པ་གཅིག་པུའི་གནས་སྟངས་ཙམ་མ་ཡིན་པར་ཕྱི་ལོའི་དུས་རབས་བཅུ་བདུན་པ་གཡས་གཡོན་གྱི་ལོ་བརྒྱ་ཕྲག་ཁ་ཤས་ལ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མའི་ལོ་རྒྱུས་ནང་གནས་ཚུལ་དེ་ལྟ་བུ་ནི་རྒྱུན་ལྡན་དུ་གྱུར་ཡོད།

དགའ་ལྡན་ཕོ་བྲང་གི་མི་ལོ་སུམ་བརྒྱ་ལྷག་གི་རིང་སྲིད་དབང་བཟུང་ནས་བོད་རྒྱལ་ཁབ་ཀྱི་ངོ་བོར་མུ་མཐུད་དུ་གནས་ཐུབ་པའི་གཟི་བརྗིད་ཀྱི་ལོ་རྒྱུས་དེ་ནི། ད་ལྟ་བོད་རང་བཙན་གྱི་གནས་བབས་དང་བདེན་དོན་གྱི་ལོ་རྒྱུས་བརྗོད་པའི་སྐབས་ཆབ་སྲིད་ཀྱི་ཐོག་ནས་ཆེས་གལ་གནད་ཆེ་ཤོས་སུ་གྱུར་ཡོད། བོད་གཞུང་དགའ་ལྡན་ཕོ་བྲང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ན་རིམ་གྱིས་སྲིད་དབང་གཙོ་བོར་བཟུང་བའི་སྐབས་ཡིན་ལ། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནང་དཀའ་རྙོག་ཕལ་མོ་ཆེ་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཞལ་མ་བཞུགས་པའི་དུས་སུ་བྱུང་ཡོད་པ་ལས། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་སྲིད་དབང་བཟུང་བའི་སྐབས་བོད་ཡུལ་ཡོངས་རྫོགས་དཀར་འཇམ་ཡུག་གཅིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱང་། ལོ་རྒྱུས་ཀྱི་དོན་དངོས་ཡིན་པ་ལས་འུད་བསྟོད་དང་སྒྲོ་འདོགས་བྱས་པ་ཞིག་གཏན་ནས་མིན། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་གཅིག་པུ་མ་ཡིན་པར་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་ནི་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་གལ་འགངས་ཆེ་ཤོས་སུ་གྱུར་ཡོད།

ལྷག་པར་དུ་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགུང་གྲངས་༡༦ གི་དུས་སུ་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་དགོས་བྱུང་བ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྐུ་གཤེགས་རྗེས་རྭ་སྟག་གི་དོན་རྐྱེན་སོགས་ནང་ཁུལ་གྱི་རྩོད་རྙོག་མང་པོ་ཞིག་གིས་དཀའ་ངལ་འཕྲད་ཡོད་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་སྐབས་ཡིན་ཡང་། ལས་ཀྱི་སྣེ་མོ་བ་མང་དག་ཅིག་གིས་ཕྱིའི་གནས་ཚུལ་ལ་ཐུགས་སྣང་རྒྱུས་ལོན་གྱིས་མ་འདང་བར། གོ་སྐབས་དམ་འཛིན་བྱེད་མ་ཐུབ་པར་བོད་ལ་དཀའ་ངལ་འཕར་མ་འཕྲད་བཞིན་པའི་སྐབས་ཤིག་ཏུ་ཁྱེའུ་ལོ་བཅུ་དྲུག་ལས་མ་སོན་པ་ཞིག་གིས་འགན་ལྕི་མོ་དེ་འདྲ་ཞིག་བཞེས་དགོས་བྱུང་ཡོད། རྒྱ་དམར་གཞུང་གིས་བོད་ས་ཧམ་ཟོས་བྱེད་རྒྱུའི་བྱ་ངན་རིམ་བཞིན་ལག་བསྟར་བྱེད་མགོ་བཙུགས་ཟིན་པས། སྐབས་དེར་བོད་དོན་ནི་རླུང་གསེབ་ཀྱི་མར་མེ་བཞིན་ཉེན་ཁ་ཧ་ཅང་ཆེ་བའི་དུས་སྐབས་ཤིག་ཏུ་གྱུར་ཡོད།

མདོར་ན་དུས་དེ་ནས་བཟུང་ད་ལྟའི་བར་༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་དོན་ཆེད་བཏང་ཡོད་པ་དང་། ད་ལྟ་བོད་དོན་མ་ཤི་བར་རྒྱལ་སྤྱིའི་སྟེང་གནས་ཐུབ་པ་འདི་ཡང་གཙོ་བོ་༧གོང་ས་མཆོག་གི་མཛད་འཕྲིན་ལ་བརྟེན་ནས་བྱུང་ཡོད། མ་འོངས་པར་ཡང་༧གོང་ས་མཆོག་ཞལ་བཞུགས་པའི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་པ་དང་། བོད་སྤྱིའི་གནས་སྟངས་ཐོག་ནས་འགྱུར་བ་ཡོང་རྒྱུའི་རེ་བའང་ཡོད། བོད་ནང་དུ་བོད་ཀྱི་ཆོས་དང་རིག་གནས་མི་རིགས་ཀྱི་ལར་ཞེན་སོགས་ཀྱང་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟེན་ནས་བྱུང་ཞིང་། ༧གོང་ས་མཆོག་ནི་བོད་གཞིས་བྱེས་གཉིས་ཀྱི་སེམས་གཏིང་གི་མགོན་དཔུང་ཉག་གཅིག་ཏུ་གྱུར་ཡོད། འཕགས་མཆོག་ཕྱག་ན་པདྨོ་མི་ཡི་རྣམ་པར་རོལ་པ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་འདི་ཉིད་ཀྱི་ཆབ་འབངས་དང་གདུལ་བྱར་གྱུར་པ་ནི། རང་ཅག་བོད་མི་རྣམས་ལ་མཚོན་ན་ལས་དང་བསོད་ནམས་དམིགས་བསལ་ཅན་ཞིག་ཏུ་གྱུར་ཡོད་པ་ཚང་མར་ངོས་ཟིན་གསལ་པོ་དགོས་པ་ཞིག་རེད།།