༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་གཉིས་དང་འབྲེལ་ནས་གནད་དོན་གལ་ཆེན་ཁག་ཅིག་གླེང་སློང་གནང་སོང་།

དེ་རིང་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་དང་། ༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནད་དོན། བོད་མི་ཚོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་སོགས་ཀྱི་གནད་དོན་གལ་ཆེ་ཁག་ཅིག་གླེང་སློང་གནང་སོང་།

པར། བོད་མིའི་སྒྲིག་འཛུགས།

ཕྱི་ཚེས་༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པའི་ཐོག བདེ་སྲུང་དང་འབྲེལ་བའི་གནད་དོན་གལ་ཆེ་ཁག་ཅིག་གི་སྐོར་བགྲོ་གླེང་གནང་སོང་། སྐབས་དེ་དུས་སྤྱི་འཐུས་ཤིག་ནས་ཉེ་ཆར་༧གོང་ས་མཆོག་ལ་དྭགས་ལ་ཟླ་བ་གཅིག་ལྷག་ཙམ་རིང་བཞུགས་རྗེས། ལྡི་ལི་དང་བཞུགས་སྒར་ཁུལ་དུ་གནམ་གཤིས་ཡག་པོ་མེད་པ་དང་། གནམ་གྲུ་དུས་ཐོག་འཕུར་ཐུབ་ཀྱི་མེད་པ། གཞུང་ལམ་ཆད་ཡོད་བཞིན་དུ་ཨུ་ཚུགས་བརྒྱབ་ནས་རིན་པོ་ཆེ་ཡར་བཞུགས་སྒར་ལ་གདན་ཞུ་གནང་དགོས་པའི་དགོས་པ་རྒྱུ་མཚན་གང་ཡིན་མིན། ལས་ཀྱི་སྣེ་མོ་ཚོ་བར་གོ་བསྡུར་འདྲ་བྱུང་ཡོད་མེད་བཅས་དྲིས་སོང་བས། བདེ་སྲུང་བཀའ་བློན་ནས་གནམ་གཤིས་ཡག་པོ་མེད་པ་དང་། གཞུང་ལམ་ཆད་ཡོད་པ། གནམ་གྲུ་དུས་ཐོག་འཕུར་ཐུབ་ཀྱི་མེད་པ་སོགས་ཀྱི་དཀའ་ངལ་རྣམས་ཤེས་རྟོགས་བྱུང་ཡང་། ༧གོང་ས་མཆོག་དུས་ཡུན་རིང་པོ་ཕྱིར་བཞུགས་ཡོད་དུས། གང་མགྱོགས་ཚུར་བཞུགས་སྒར་ལ་ཕེབས་ཐུབ་དགོས་རྒྱུ་གནད་འགག་ཆེན་པོ་མཐོང་ཡོད་པ་དང་། ༧གོང་ས་མཆོག་ལྡི་ལི་ལ་ཕེབས་ཚར་དུས་གནས་སྐབས་ལྡི་ལི་ལ་བཞུགས་རྒྱུ་སོགས་ཀྱི་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་དང་། བཞུགས་སྒར་ས་གནས་ཀྱི་དཔོན་རིགས་སོགས་བར་གོ་བསྡུར་རིམ་པ་བྱུང་ཡོད་ཀྱང་། མཐའ་མའི་ཐག་གཅོད་དེ་ཆར་དུས་ད་དུང་ཉིན་ཤས་རིང་རྫོགས་རྒྱུ་མིན་པར་བརྟེན། དེ་སྔོན་དུས་ཚོད་གཏན་འབེབས་བྱས་པ་བཞིན་རིན་པོ་ཆེ་ཡར་ཕེབས་རྒྱུ་ཐག་གཅོད་བྱུང་ཡོད་པ་གསུངས་སོང་ལ། གལ་སྲིད་དེ་དུས་ཕེབས་མ་ཐུབ་ཚེ་བཞུགས་སྒར་ཉེ་འཁོར་གྱི་གཞུང་ལམ་མང་པོ་ཞིག་དེ་ལས་སྡུག་ཏུ་འགྲོ་རྒྱུ་ཉེན་ཁ་མཐོང་ནས་འབྲེལ་ཡོད་ལས་བྱེད་ཚོས་གོ་བསྡུར་བྱས་ནས་ཐག་གཅོད་བྱས་ཡོད་པ་གསུངས་སོང་།
༧དཔལ་རྒྱལ་བ་ཀརྨ་པ་དང་འབྲེལ་བའི་སྐོར་དྲིས་དོན་ལ། འདི་ལོ་བོད་པའི་བླ་ཆེན་ཚོའི་ཚོགས་འདུ་མ་འཚོགས་གོང་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་ཚོགས་འདུ་ཐོག་ཏུ་གདན་ཞུ་ཐུབ་ཐབས་ཆེད་དུ་རྒྱ་གར་གཞུང་ལ་ཞུ་གཏུག་གནང་ཡོད་མེད་དང་། རྒྱུ་མཚན་ནི་མ་འོངས་པ་༧གོང་ས་མཆོག་དགུང་གྲངས་༡༡༣ ཕེབས་དུས་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དགུང་གྲངས་ ༦༤ ཙམ་ཕེབས་ཀྱི་ཡོད་དུས། སྐབས་དེ་དུས་བོད་མི་ཚོ་ལ་མཚོན་ན། རྒྱལ་སྤྱིའི་ཐོག་ནས་བོད་བརྒྱུད་ནས་བསྟན་པའི་མགྲིན་ཚབ་གནང་ཐུབ་མཁན་ཞིག་དང་། རྩ་དོན་འཐབ་རྩོད་ཁྲོད་སྣེ་ཁྲིད་ཐུབ་མཁན། བོད་པའི་སྤྱི་ཚོགས་ཁྲོད་ཆོས་ལུགས་རིས་མེད་དང་ཆོལ་ཁ་དབྱེར་མེད་ཐོག་ནས་སེམས་ཀྱི་འཆར་སྣང་འཁོར་ཡུལ་དེ་༧དཔལ་རྒྱལ་བ་ཀརྨ་པ་ཆགས་རྒྱུ་ཡིན་དུས། དུས་ད་ལྟ་ནས་བདག་པོ་རྒྱག་རྒྱུ་གལ་ཆེན་ཡིན་སྐོར་འདྲི་དུས། བདེ་སྲུང་བཀའ་བློན་ནས་བླ་ཆེན་ཚོའི་ཚོགས་འདུའི་སྐབས་སུ་རྒྱ་གར་གཞུང་ལ་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་གདན་ཞུ་གནང་རྒྱུ་ཐད་རྒྱ་གར་གཞུང་ལ་གང་ཡང་ཞུ་རྒྱུ་བྱུང་མ་སོང་གསུངས། འོན་ཀྱང་། ༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཚུར་གདན་ཞུ་གནང་ནས་༧གོང་ས་མཆོག་ཉེ་འཁོར་ལ་བཞུགས་རྒྱུར་རེ་བ་ཆེན་པོ་རྒྱག་གི་ཡོད་པ་དང་། རིན་པོ་ཆེ་ཁོང་གི་ཐུགས་འདོད་བཞིན་ང་ཚོ་ངོས་ནས་རོགས་རམ་གང་ཐུབ་ཞབས་ཞུ་སྒྲུབ་རྒྱུའི་འདོད་པ་ཡོད་བཞིན་འབྲེལ་ཡོད་རྣམས་ལའང་ཞུ་རྒྱུ་བྱུང་ཞེས་གསུངས་གནང་སོང་།
སྐབས་དེ་དུས་སྤྱི་འཐུས་ཤིག་ནས་འདས་པའི་ཟླ་བ་དྲུག་དང་བདུན་ནང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་ཡོད་པའི་བོད་ནས་ཡོང་མཁན་ཚོ་ལ་ཕྱི་རྒྱལ་འགྲོ་དུས་ (Exit permit) ཕྱི་སྐྱོད་ཆོག་མཆན་ཞུ་དུས་དང་། གཞན་རྒྱ་གར་ནང་ཚུར་ལོག་ཡོང་དུས་ (Return visa) ཞུ་དུས། རྒྱ་གར་ནང་གནས་སྡོད་བྱེད་ཆོག་པའི་ལག་འཁྱེར་བསྐྱར་བཟོ་བྱེད་དུས་སྐབས་སུ། ས་གནས་རྒྱ་གར་གཞུང་གི་ལས་བྱེད་ཚོས་བོད་མི་ཚོ་ལ་ཕ་མ་གཉིས་ཀྱི་རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་འཁྱེར་ཤོག་ལབ་པ་དང་། དངུལ་ཁང་ནང་དངུལ་ག་ཚོད་ཡོད་མེད། དངུལ་ག་པ་ནས་ཡོང་གི་ཡོད་མེད། ཁ་པར་ནང་མཉེན་ཆས་ག་རེ་ཡོད་མེད་ཞིབ་བཤེར་བྱེད་པ་སོགས་ཀྱི་དམིགས་བསལ་དམ་དྲག་ཆེན་པོ་ཞིག་བྱེད་ཀྱི་ཡོད་འདུག་པས། གནད་དོན་བོད་མི་གཅིག་གཉིས་ཙམ་མིན་པ་བོད་ནས་ཡོང་མཁན་མང་ཆེ་བ་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་གསུངས་སོང་ལ། འགའ་ཤས་ལ་བོད་ནང་ཕར་ལོག་རྒྱུག་ཅེས་པ་སོགས་ལབ་ནས་དཀའ་ངལ་སྤྲོད་ཀྱི་ཡོད་པས། བདེ་སྲུང་ངོས་ནས་ཤེས་རྟོགས་བྱུང་མེད་དྲིས་པས། བདེ་སྲུང་བཀའ་བློན་ནས་གནད་དོན་དེ་དག་གི་ཆེད་དུ་ས་གནས་རང་ལ་ཕྱིན་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་པ་དང་། དཀའ་ངལ་དེ་དག་སེལ་ཐབས་བྱེད་རྒྱུ་ཡིན། འོན་ཀྱང་། མགྱོགས་པོ་ཕེབས་ཐུབ་ས་མེད་རེད། ཐོག་མར་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལས་བྱེད་ཁག་ལ་འབྲེལ་བ་བྱེད་རྒྱུ་དང་། ལྷོ་སྤྱི་ལས་ཁུངས་བརྒྱུད་ནས་འབྲེལ་ཡོད་ས་གནས་ཀྱི་ལས་བྱེད་ཚོ་ལ་འབྲེལ་བ་བྱས་ནས་ཚང་མ་ཚང་འཛོམས་ཤིག་གི་ཐོག་ནས་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་གསུངས་གནང་སོང་།
སྤྱི་འཐུས་གཞན་ཞིག་གིས་ཉེ་ཆར་བལ་ཡུལ་ནང་གཞོན་སྐྱེས་ཚོས་བལ་ཡུལ་གཞུང་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་མང་པོ་ཡོད་པར་ངོ་རྒོལ་བྱས་ནས་གཞུང་དུས་ཡུན་ཐུང་ཐུང་ནང་འགོ་རྟིང་བསློགས་ཡོད་པ་དང་། དེ་བཞིན་བར་བརྒལ་སྲིད་བློན་གསར་པ་བསྐོ་བཞག་བྱས་ཡོད་པ་བརྟེན། བར་བརྒལ་སྲིད་བློན་ལ་༧གོང་ས་མཆོག་ནས་བལ་ཡུལ་མི་མང་ཚོའི་མངོན་འདོད་སྒྲུབ་ཐུབ་རྒྱུའི་འཚམས་འདྲི་བསྩལ་རྗེས། བལ་ཡུལ་གྱི་གཞོན་སྐྱེས་ཚོའི་རྒྱབ་ཏུ་༧གོང་ས་མཆོག་ཡོད་རེད་ཅེས་དཀྲོག་གཏམ་ཞིག་ཁྱབ་བཞིན་འདུག་པས། ཚོད་དཔག་བྱས་ན་རྒྱ་ནག་གཞུང་གིས་དཀྲོག་གཏམ་བཟོས་ཡོད་ས་རེད། དེ་ལ་བདེ་སྲུང་ངོས་ནས་དོ་སྣང་བྱུང་ཡོད་མེད་སྐོར་དྲིས་པར། བདེ་སྲུང་བཀའ་བློན་ནས་བལ་ཡུལ་དང་བོད་གཉིས་བར་ལོ་རྒྱུས་ཐོག་ནས་འབྲེལ་བ་ཆེན་པོ་ཡོད་པ་དང་། ད་ལྟ་ཡིན་ན་ཡང་བལ་ཡུལ་ནང་བོད་པ་མང་པོ་ཞིག་ཡོད་དུས་བལ་ཡུལ་གཞུང་བོད་པ་ལ་མཚོན་ན་བཀའ་དྲིན་ཆེན་པོ་ཡིན་པ་གསུངས་སོང་ལ། ད་ལྟ་གནད་དོན་དེ་དང་འབྲེལ་ནས་རྟོག་ཞིབ་བྱེད་བཞིན་པ་ཡིན་པ་དང་། མ་འོངས་པར་འབྲེལ་གནད་ཡོད་མི་སྣ་ཁག་ལ་འབྲེལ་བ་བྱས་ནས་གླེང་སློང་དང་ཞུ་གཏུག་བྱེད་རྒྱུ་ཡིན་པ་གསུངས་སོང་། འོན་ཀྱང་། བོད་པ་ཚོའི་ངོས་ནས་སྤྱི་ཚོགས་ནང་གནད་དོན་འདྲ་མིན་སྐོར་གླེང་སློང་འདྲ་མིན་ཡོང་དུས་གཟབ་གཟབ་བྱེད་དགོས་པ་དང་། ཚོར་ཤུགས་འདྲ་མིན་བསྟན་ནས་གླེང་སློང་འདྲ་མིན་བྱས་ན་ཕན་ཐོགས་གང་འདྲ་ཡོང་མིན་ལབ་ཐུབ་རྒྱུ་ཁག་པོ་ཡོད་དུས་གཟབ་གཟབ་བྱེད་དགོས་པ་གསུངས་སོང་།
ཆབ་སྲིད་བཙོན་ཟུར་དང་འབྲེལ་བའི་སྐོར་སྤྱི་འཐུས་ནས་དྲི་བ་དྲིས་པར། ད་ཆར་བོད་ནས་ཡོང་མཁན་མེད་པའམ་ཉུང་དུ་ཕྱིན་ཡོད་དུས་ཆབ་སྲིད་བཙོན་པ་མིང་ཐོ་འགོད་མཁན་ཉུང་དུ་ཕྱིན་ཡོད་མེད་འདྲི་དུས། ད་ཆར་སྙན་ཞུ་འབུལ་མཁན་ཉུང་དུ་ཕྱིན་མེད་པ་དང་། བཀའ་ཤག་གོང་མ་སྐབས་སུ་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད་དང་འབྲེལ་ཆགས་དང་འབྲེལ་བའི་ངོས་འཛིན་གནང་ཕྱོགས་ཐད་སྒྲིག་གཞི་བསྐྱར་བཅོས་ཤིག་བྱས་ཡོད་ཅིང་། སྐབས་དེ་དུས་དོ་བདག་རང་ཉིད་དང་རང་ཉིད་ཀྱི་ཕ་མ་ཐོ་འགོད་ཆོག་ཀྱང་། ཕྱིས་སུ་སྤུན་མཆེད་ཡིན་ན་ཡང་སྙན་ཞུ་འབུལ་ཆོག་པའི་ཆ་རྐྱེན་བཟོས་ཡོད་པ་བརྟེན། ད་ཆར་སྙན་ཞུ་འབུལ་མཁན་ཉུང་དུ་ཕྱིན་མེད་པ་བརྗོད་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།