༧གོང་ས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར།

ཟླ་འདིའི་ཚེས་༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་གསུམ་པའི་ཐོག་༧གོང་ས་མཆོག་རྒྱ་གར་རྡོ་རྗེ་ལྡན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་བར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

15749919_1196689233742861_1294727851_nརྡོར་གདན་མཆོད་རྟེན་ཉེ་འགྲམ་གྱི་ལམ་ཆེན་དུ་༧གོང་ས་མཆོག་ཕེབས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། མི་མང་གིས་ཁ་བཏགས་དང་སྤོས་སྣེས་སྔོན་བསུས་ཏེ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།

ད་ལྟ་ཆོས་ཞུ་བ་དེ་ཙམ་ཧ་ཅང་མང་པོ་སླེབས་མེད་པ་དང་། དེ་ཡང་རྒྱ་གར་གྱི་དངུལ་ལོར་གསར་བརྗེའི་དུས་ཚོད་དང་སྟབས་ཁེལ་བ་དང་། རྒྱ་ནག་གིས་དམ་དྲག་འོག་བོད་ནས་ཆོས་ཞུ་བ་མང་པོ་ཡོང་མ་ཐུབ་པ། དེ་བཞིན་རྒྱ་གར་དུ་སླེབས་ཚར་མཁན་ཡང་མང་པོ་དུས་དབང་མ་ཞུས་སྔོན་དུ་མར་འགྲོ་དགོས་ཁེལ་ཡོད་པར་བརྟེན། སྔོན་གྱི་དུས་དབང་གནང་སྐབས་དང་བསྡུར་ན་མི་གྲངས་ཅུང་ཉུང་བ་ཆགས་སྲིད་པ་རེད་འདུག

ཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ནས་གནས་སྐོར་ལ་ཡོང་ནས་རྒྱ་ནག་གི་དམ་དྲག་འོག་དུས་དབང་ཞུ་མ་ཐུབ་པར་ཕྱིར་ལོག་དགོས་ཁེལ་མཁན་ཚོར་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་གནང་ཡོད་པ་རེད།

15750110_1196686543743130_1241148469_nཕྱི་ལོ་༢༠༡༧ ལོའི་ཟླ་༡ པོའི་ཚེས་ ༢ ནས་ ༤ བར་དཀྱིལ་འཁོར་ས་ཕྱོགས་སོགས་དབང་གི་སྟ་གོན་ཆོ་ག་དང་།  ཚེས་ ༥ ནས་ ༨ བར་སྔོན་འགྲོའི་བཀའ་ཆོས་སྩལ་གནང་མཛད་རྒྱུ།  དེ་རྗེས་ཕྱི་ཚེས་ ༩ ཉིན་དབང་གི་ཆོ་ག་དང་འབྲེལ་བའི་འཆམ།   ཕྱི་ཚེས་ ༡༠ ཉིན་སློབ་མ་རྗེས་འཛིན། ཕྱི་ཚེས་ ༡༢ ནས་ ༡༣ བར་དབང་དངོས་གཞི།  ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་མ་ཟད། མགོན་པོ་གང་ཉིད་ཀྱིས་དད་ལྡན་མང་ཚོགས་རྣམས་ལ་ཚེ་དབང་གནང་རྒྱུ་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།